བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་སྐུ་གྲོངས་འདུག


2018-01-31
Share
བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་ཀྱི་ཉེ་པར། བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་ཀྱི་ཉེ་པར།
དབྱངས་སྒྲོན། བོད་འབྱོར།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་སྐུ་གཟུགས་ཀྱི་གནས་སྟངས་སྡུག་ཏུ་སོང་སྟེ་འཕན་པོ་ནས་སྨན་བཅོས་མ་ཐུབ་སྔོན་སྐུ་གཤེགས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། བཙུན་མ་ངག་དབང་མཚོ་མོ་ལགས་ནི་འཕན་པོའི་རི་ཁྲོད་ཅིག་ལ་བསྙེན་མཚམས་ལ་བཞུགས་ཡོད་པ་དང་། ཁོང་སྔོན་ཆད་རྒྱ་གཞུང་གི་བཙོན་ཁང་ནང་བཞུགས་རིང་མགོ་ལ་ཟུག་གཟེར་བརྒྱབ་པ་དང་། མགོ་ཡུ་འཁོར་པའི་ནད་གཞིི་ཡོད་པ་དེ་དག་བསྐྱར་ལོག་བྱུང་ནས་སྐུ་གཟུགས་ཀྱི་གནས་སྟངས་ཇེ་སྡུག་དུ་སོང་རྗེས་མཐར་ཉེ་ཆར་སྤྱི་ལོ་༢༠༡༨་ཟླ་༡་ཚེས་༢༧་ཉིན་འཕན་པོ་རྫོང་སྨན་ཁང་ལ་སོང་ནས་སྨན་བཅོས་བྱ་རྒྱུར་སྒུག་བཞིན་པའི་སྐབས་སུ་སྐུ་གཤེགས་ཡོད་འདུག ཁོང་སྐུ་གཤེགས་དུས་དགུང་གྲངས་ ༥༡ ལ་ཕེབས་ཡོད་པ་རེད།
བཙུན་མ་ངག་དབང་མཚོ་མོ་ལགས་ནི་སྤྱི་ལོ་༡༩༩༣་ལོར་རྒྱ་གཞུང་གི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་རང་དབང་སླར་གསོའི་ཆེད་བོད་ཀྱི་རྒྱལ་ས་ལྷ་སའི་དཔའ་བོའི་ཁྲོམ་ལམ་བར་སྐོར་དུ་རོགས་པ་འགའ་ཤས་དང་མཉམ་དུ་ཞི་བའི་ངོ་རྒོལ་སྐད་འབོད་ཁྲོམ་བསྐོར་བྱས་སྟབས། རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་གིས་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཡོད་པའི་རྒུ་ཚ་བཙོན་ཁང་ནང་བཙོན་འཇུག་བྱས་པ་དང་། དེ་ནས་རིང་པོར་མ་ཕྱིན་པར་རྒྱ་གཞུང་ཁྲིམས་ཁང་ནས་ཁོང་ལ་མི་ལོ་བདུན་གྱི་དུས་བཀག་བཙོན་བཅུག་གི་ཉེས་ཆད་བཏང་ནས་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བསྐྱལ་ཡོད་འདུག ཁོང་གིས་བཙོན་ཁང་ནང་སྔ་ཕྱིར་བསམ་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་ཞིག་མྱངས་ཡོད་པ་དང་། ལྷག་པར་སྤྱི་ལོ་ ༡༩༩༨ ལོའི་ནང་གྲྭ་བཞི་བཙོན་ཁང་དུ་རྒྱ་ནག་གིས་རྒྱལ་དར་སྒྲེང་འཛུགས་དང་། རྒྱལ་གླུ་བཏང་བའི་བྱ་འགུལ་སྤེལ་བར་སྐབས་དེའི་ཆབ་སྲིད་བཙོན་པ་ཚང་མས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་བྱེད་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ལས་འགུལ་དེར་མ་ཞུགས་པ་མ་ཟད། བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་པར་རྒྱ་གཞུང་ཉེན་རྟོག་པས་མེ་མདའ་གང་བྱུང་བརྒྱབ་ནས་ཆབ་སྲིད་བཙོན་པ་གཉིས་དམར་གསོད་དང་། མང་པོར་དམ་དྲག་དང་། ཉེས་རྡུང་བཏང་བའི་དོན་རྐྱེན་ཆེན་པོ་ཞིག་བྱུང་བའི་སྐབས། ངག་དབང་མཚོ་མོ་ལགས་སུ་སྲོག་སྐྱོན་བྱུང་མེད་ཀྱང་སྡུག་སྦྱོང་མནར་གཅོད་རབས་དང་རིམ་པ་མང་པོ་མྱོང་དགོས་བྱུང་བ་དང་། མཐར་སྤྱི་ལོ་ ༢༠༠༠ ལོར་ཁོང་མི་ལོ་བདུན་གྱི་དུས་བཀག་བཙོན་བཅུག་གི་ལོ་དུས་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་ནའང་། ནད་གཅོང་བཟོས་ཡོད་པའི་ཁར། རང་དགོན་ལ་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་པ་སོགས་ཀྱི་དཀའ་ངལ་མང་དག་འཕྲད་ཡོད་པ་རེད་འདུག
ཁོང་ནི་སྤྱི་ལོ་ ༡༩༦༧ ལོར་དབུས་ཕྱོགས་འཕན་པོའི་གསུམ་འཕྲེང་ཤང་། རྟ་སྒ་གྲོང་ཚོར་སྐུ་འཁྲུངས་ཤིང་། ཕ་མས་བཏགས་པའི་སྐྱ་མིང་ལ་བདེ་སྐྱིད་ཅེས་འབོད་ཀྱི་ཡོད་པ་དང་། ཁོང་ཆུང་དུས་ནས་འཕན་པོར་ཡོད་པའི་རྒྱ་ར་དགོན་པར་ཆོས་ཞུགས་བྱས་ཏེ་བསླབ་པ་སློབ་གཉེར་བྱས་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན་དང་། གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།