ཇོ་མོ་གླང་མར་དཔལ་འབར་མ་འཁྱེར་གོང་གསར་འགོད་པ་གཏོང་རྒྱུ་མིན་པ།

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་དཔལ་འབར་རི་བོ་ཇོ་མ་གླང་མའི་རྩེར་འཁྱེར་རྒྱུའི་བྱེད་སྒོའི་གོང་ལ་གསར་འགོད་པ་གཅིག་ཀྱང་བོད་ཀྱི་ས་ཁུལ་ནང་གཏོང་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

2008-04-22
Share

༄༅། །རྒྱ་ནག་གཞུང་གིས་ཟླ་བ་རྗེས་མའི་ནང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་བྱང་ཕྱོགས་ཀྱི་རི་གཤམ་ནས་རི་རྩེར་བར་འཁྱེར་རྒྱུའི་བྱེད་སྒོའི་གོང་ལ་གསར་འགོད་པ་གཅིག་ཀྱང་གནས་ཚུལ་མཁོ་སྒྲུབ་བྱེད་པར་བོད་ཀྱི་ས་ཁུལ་ནང་གཏོང་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ནང་གི་གནམ་གཤིས་འགྱུར་དོག་གི་རྒྱུ་མཚན་འགྲེལ་བརྗོད་བྱས་ཏེ་གསར་འགོད་པ་རྣམས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་གཤམ་ནས་འཁྱེར་བའི་ཉིན་མོ་དེ་རང་མ་གཏོགས་སྔོན་ཙམ་ནས་ས་གནས་དེའི་ཁུལ་དུ་འགྲོ་བསྐྱོད་ཆོག་པའི་ཐོག་མའི་འཆར་གཞིར་དུས་ཚོད་སྐེ་མཚམས་སུ་འགྱུར་བ་བཏང་སྟེ་གསར་འགོད་པ་ཚོར་དཔལ་འབར་སྐོར་བསྐྱོད་ཀྱི་བྱེད་སྒོའི་གནས་ཚུལ་མཁོ་སྒྲུབ་བྱེད་པའི་དུས་ཚོད་འཁྱུག་ཙམ་ལས་སྤྲད་མེད་པ་མ་ཟད། འཆར་གཞི་ཁག་ཅིག་རྦད་དེ་བཀག་འགོག་བྱས་ཡོད་པ་རེད། དེ་རིང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་གཞོན་པ་ཧྲའོ་ཧྲེ་ཝེ་ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་གསར་འགོད་པ་བཀག་འགོག་བྱས་པའི་སྐོར་དང༌། ླཧག་པར་དུ་ཉིན་དེར་གསར་འགོད་པ་ཚོས་དཔལ་འབར་གྱི་བྱེད་སྒོ་དེའི་གནས་ཚུལ་ཁོ་ན་མ་གཏོགས་གཞན་པའི་གནས་ཚུལ་མཁོ་སྒྲུབ་དང་གཏོང་སྤེལ་བྱེད་ཆོག་གི་མ་རེད་ཅེས་བཤད་ཡོད་པ་རེད། ཡིན་ནའང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་པ་ཝང་ཧྲའེ་ཡིས་ཟླ་བ་རྗེས་མའི་ཕྱི་ཚེས་༡༩རེས་གཟའ་སྤེན་པའི་ཉིན་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་གཤམ་ནས་རི་རྩེར་འཁྱེར་བའི་ཉི་མོར་དེར་དུས་གཅིག་ལ་གསར་འགོད་པ་རྣམས་པེ་ཅིང་ནས་ཇོ་མ་གླང་མའི་རི་གཤམ་དུ་ཐོན་བསྐྱོད་བྱས་ཏེ་དེ་ཉིན་གྱི་གནས་ཚུལ་མཁོ་སྒྲུབ་བྱ་དགོས་པའི་འགྱུར་བ་བཏང་བ་དེ་ནི་དེང་སྐབས་བོད་ནང་གི་དོན་རྐྱེན་དེ་དང་འབྲེལ་བ་མེད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་གསར་འགོད་པའི་ཐོག་གོ་སྒྲིག་གང་ཐུབ་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད༎

  

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།