བོད་དོན་སྐད་འབོད་མཁན་པ་སངས་དབང་ཕྱུག་བཙོན་བཀྲོལ་བྱུང་འདུག


2014.11.07
པ་སངས་དབང་ཕྱུག་གིས་དཀར་མཛེས་རྫོང་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ།
བོད་ནས་བཏང་འབྱོར། དཀར་མཛེས་བ་བསོད་ནམས་དབང་འདུས།

2014-11-07
དཀར་མཛེས་རྫོང་ཐོག་ནས་བོད་དོན་སྐད་འབོད་བྱེད་མཁན་པ་སངས་དབང་ཕྱུག་ཉིན་ཤས་གོང་བཙོན་བཀྲོལ་བྱུང་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་༤ཉིན་ཁམས་ཊེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་དོན་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་ནག་གི་འབྲེལ་ཡོད་ན་པས་འཛིན་བཟུང་བྱས་བའི་པ་སངས་དབང་ཕྱུག་ལགས་རྒྱ་ནག་གི་ཉེན་རྟོག་པས་འདྲི་གཅོད་སྣ་ཚོགས་བྱས་རྗེས་ཟླ་འདིའི་ཚེས་༣ཉིན་ཁོང་གློད་གྲོལ་བཏང་ཡོད་འདུག ད་ཐེངས་ཁོང་མགྱོགས་པོར་གློད་གྲོལ་བྱུང་བའི་ཐད་རྒྱ་ནག་གཞུང་ཕྱོགས་ནས་ཁ་གསལ་གང་ཡང་བརྗོད་མེད་པ་དང་། མི་ཁག་ཅིག་གིས་ཁོང་ལ་ངོ་ཤེས་མང་པོ་ཡོད་པར་བརྟེན་ཁོང་ཚོས་རོགས་པ་བྱས་པ་ཡིན་སྲིད་པ་དང་། ཡང་ཁག་ཅིག་གིས་ཁོང་གིས་ནག་ཉེས་གང་ཡང་བསག་མེད་པས་གློད་གྲོལ་བཏང་དགོས་བྱུང་བ་སོགས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
གོང་གི་ཚོང་པ་པ་སངས་དབང་ཕྱུག་གམ་མིང་གཞན་སྔོན་འབྲུ་ཞུ་བས་ངོ་རྒོལ་སྐབས་ལག་ཏུ་རས་དར་ཆེན་པོ་ཞིག་གི་ཐོག་ཏུ་བོད་ལ་རང་དབང་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་མོས་དགོས་བ་སོགས་ཀྱི་འབོད་ཚིག་བྲིས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་རེད། ཁོང་བཙོན་འཇུག་བཀག་ཉར་རིང་འདྲི་གཅོད་གཙོ་བོ་རས་དར་ཐོག་ཏུ་བཀོད་པའི་ཡི་གེ་དེའི་སྐོར་ཡིན་པ་དང་། ཉེན་རྟོག་པས་ཁོང་ལ་དཀར་མཛེས་སོགས་དགོན་པ་ཁག་ཏུ་ཕྱག་དང་མཆོད་འབུལ་བྱེད་པར་འགྲོ་ཆོག་གི་ཡོད་ལུགས་བཤད་ནས་ཆོས་དད་རང་དབང་སྐོར་འདྲི་ཞིབ་བྱེད་པའི་སྐབས། ཁོང་གིས་བོད་ཀྱི་བླ་མ་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མི་ཆོག་པ་དང་། ཁོང་གི་མདུན་ནས་བཀའ་དབང་ཞུ་མི་ཆོག་པ་ཅི་རེད་ཅེས་ལན་འདེབས་བྱས་ཡོད་འདུག

གསར་འགོད་པ་འཆི་མེད།

2014-10-05
ཕྱི་ཟླ་༡༠ཚེས་༤རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་པ་སངས་དབང་ཕྱུག་གིས་བོད་ལ་རང་དབང་དགོས་པ་དང།་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་པ།ཆོས་དད་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པར་བརྟེན་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་དོན།ཕྱི་ལོ་༢༠༡༤ཟླ་༡༠ཚེས་༤རེས་སྤེན་པ་ཉིན།བོད་ནང་གི་ཞོགས་པ་ཆུ་ཚོད་༡༠།སྐར་མ་༥༠།ཙམ་ལ་ཏྲེ་ཧོར་དཀར་མཛེས་རྫོང་འབུ་ཆུ་དབྱར་ཁབ་གྲོང་ཚོ་ནས་ཡིན་པའི་ཕ་ཆོས་དབང་རྒྱ་མཚོ་དང་།མ་རིན་དགའ་གཉིས་ཀྱི་བུ་པ་སངས་དབང་ཕྱུག་གམ་ཡོངས་གྲགས་ཀྱི་མིང་གཞན་སྔོ་འབྲུ་ཡིས་དཀར་མཛེས་རྫོང་ཐོག་ཁྲོམ་གཞུང་དུ་བདེན་དོན་གྱི་ཆེད་དུ་ཞི་བའི་ངོ་རྒོལ་བྱས་འདུག པ་སངས་དབང་ཕྱུག་གམ་སྔོ་འབྲུ་ནི་ཕྱི་ལོ་༡༩༧༧ ལ་སྐྱེས་ཤིང་ད་ལྟར་རང་ལོ་༣༧ལ་སོན་པ་དང་།དཀར་མཛེས་རྫོང་ཐོག་སྡེ་མགོན་པོའི་ཉེ་འཁྲིས་སུ་གནས་སྡོད་བྱས་ཡོད།ཁོང་གི་སྐྱེས་དམན་མིང་ལ་བསོད་ནམས་དང་ཕྲུ་གུ་བུ་མོ་གཉིས་དང་བུ་གཅིག་སྟེ་གསུམ་ཡོད་ཅིང་། ཕྲུ་གུ་ཆུང་བ་བུ་རང་ལོ་ལྔ་ལས་སོན་མེད་པ་དང་། ཁོང་གི་ཕ་མ་གཅིག་པའི་སྤུན་ཆེད་བཙུན་མ་སྤོས་དབང་ཡང་༢༠༠༨ ལོར་ཞི་བའི་ངོ་རྒོལ་བྱས་པ་ལ་བརྟེན་ནས་ལོ་གཉིས་དང་ཕྱེད་བཙོན་འཇུག་བྱས་ཏེ། ཉེས་རྡུང་ཚབས་ཆེན་ཕོག་ནས་གཟུགས་པོ་སྐྱོན་ཅན་བཟོས་ཡོད།པ་སངས་དབང་ཕྱུག་གམ་སྔོ་འབྲུ་ནི་དཀར་མཛེས་ཕྱོགས་ནས་ཚུལ་ལྡན་གྱི་ཚོང་པ་ཆེ་ཤོས་གྲས་ཤིག་ཡིན་ཞིང་ནམ་རྒྱུན་སྐྱོ་པོ་ཚོ་ལ་རོགས་རམ་ཡང་གང་ཐུབ་བྱེད་མཁན་ཞིག་ཡིན་པས་རྒྱུན་ལྡན་འཚོ་བའི་ཐོག་ལ་དཀའ་ངལ་གང་ཡང་མེད་ནའང་བོད་མི་རིགས་ལ་རང་དབང་མེད་པས་སྡུག་བསྔལ་ནི་སེམས་ཁོང་ན་མི་ཤོང་བའི་དཀའ་ངལ་གཞན་དང་གཅིག་མཚུངས་སུ་འཕྲད་བཞིན་པར་བརྟེན།རྒྱུན་དུ་མིགས་རིགས་ཀྱི་ཆེད་དུ་ཁ་སེམས་གཏིང་ནས་བདེན་དོན་སྨྲ་མཁན་ཞིག་ཡིན།ཁོང་གིས་བོད་ནང་གི་ཞོགས་པ་ཆུ་ཚོད་༡༠དང་སྐར་མ་༥༠ཙམ་གྱི་ཐོག་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་སྐད་གསང་མཐོན་པོའི་སྒོ་ནས་བོད་ལ་རང་དབང་དགོས།རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོགཆོས་དད་རང་མོས་དགོས།རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་བསྒྲགས་པ་དང་།ལག་ཏུ་རས་དར་ཆེན་པོ་ཁྱེར་ཡོད་པ་དེ་གཡས་གཡོན་གྱི་མི་ཚོགས་རྣམས་ལ་བལྟ་རུ་བཅུག་སྟེ་དུས་ཡུན་སྐར་མ་༡༠ལྷག་ཙམ་ལ་ཁྲོམ་གཞུང་གི་མི་ཚོགས་ཁྲོད་དུ་ཡར་མར་སོང་སྟེ་སྐད་འབོད་བྱས་མཐར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
རས་དར་ཆེན་པོའི་ཐོག་ཏུ་བཀོད་ཡོད་པ་ནི།
༡༽ བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།
༢༽ བོད་ལ་རང་དབང་དགོས།
༣༽ ཆོས་ལུགས་དད་པ་རང་མོས་སྤྲོད་དགོས།
༤༽ རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་དོན་ཚན་བཞི་བཀོད་ཡོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་དུ་ཞུ་འབོད་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎