ཡུ་གུར་བ་རྣམས་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་ཡེ་ཤུའི་བླ་ཆེན་མཆོག་གིས་གསུང་འདུག


2020-11-24
Share
ཡེ་ཤུའི་བླ་ཆེན་(Pope Francis)མཆོག ཡེ་ཤུའི་བླ་ཆེན་(Pope Francis)མཆོག
VATICAN MEDIA / AFP

ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་གསུང་འདུག
འདི་ཚེས་༢༣ཉིན་རོ་ཨི་ཀྲར་གསར་ལས་ཁང་གིས་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ཝེ་ཊི་ཁན་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བ་རྣམས་སྡུག་སྦྱོང་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་གསུང་ཡོད་པ་དང་། དེ་ནི་ལོ་མང་རིང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོས། རྒྱ་ནག་གི་བཙན་གནོན་འོག་ཡུ་གུར་མི་རིགས་ལ་སྡུག་སྦྱོང་མནར་གཏོང་བཞིན་པའི་གནད་དོན་ཐད་ཡེ་ཤུའི་བླ་ཆེན་མཆོག་ནས་གླེང་སློང་གནང་དགོས་པའི་རེ་སྐུལ་བྱས་ཡོད་རུང་། བླ་ཆེན་མཆོག་གིས་ད་བར་དེའི་ཐད་གླེང་སློང་གང་ཡང་གནང་མེད་པར་བརྟེན་ད་རེས་དེའི་ཐད་གླེང་སློང་གནང་བ་ཐེངས་དང་པོ་ཡིན་པ་རེད།
ཉེ་ལམ་ཡེ་ཤུའི་བླ་ཆེན་མཆོག་གིས་གསར་རྩོམ་གནང་པའི་(Let US Dream: The Path to Better Future)ཞེས་པའི་དཔེ་དེབ་ནང་། བླ་ཆེན་(Pope Francis)མཆོག་གིས། རྒྱ་ནག་གཞུང་གི་སྟངས་འཛིན་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་བ་ཚོ་ནི་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མི་རིགས་ཞིག་ཡིན་པ་གསལ་འདོན་གནང་ཡོད་པ་རེད། ཤོག་གྲངས་༡༥༠ཡོད་པའི་དཔེ་དེབ་དེའི་ནང་། ཡེ་ཤུའི་བླ་ཆེན་མཆོག་གིས་དེང་གི་འཛམ་གླིང་ནང་(COVID19)ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ལ་གདོང་ལེན་ཆེད། དཔལ་འབྱོར་དང་སྤྱི་ཚོགས་ཆབ་སྲིད་བཅས་གང་གི་ཐད་ནས་ཆ་སྙོམས་ལྡན་པའི་སྤྱི་ཚོགས་ཞིག་བསྐྲུན་གལ་ཆེ་བའི་སྐོར་གླེང་ཡོད་པ་རེད།
ཡང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁོང་གི་ཕྱག་དེབ་ནང་། ཨ་རིའི་ནང་ཉེན་རྟོག་པས་མི་རིགས་ནག་པོ་(George Floyd)ཟེར་བ་རྐྱེན་ལམ་དུ་བཏང་བའི་རྐྱེན་གྱིས་མི་རིགས་ནག་པོ་ཐོབ་ཐང་སྲུང་སྐྱོབ་ཀྱི་དོན་དུ། ཨ་རིའི་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ལས་འགུལ་ཐོན་པ་དེ་རྒྱལ་ཁབ་དང་མི་རིགས་ཆིག་སྒྲིལ་ལ་ཕན་པའི་བཟང་ཕྱོགས་ཀྱི་གནས་ཚུལ་ཡིན་པར་ངོས་འཛིན་གནང་འདུག དམིགས་བསལ་བླ་ཆེན་མཆོག་ནས་ཕྱག་དེབ་ཀྱི་སྡེ་ཚན་གཅིག་གི་ནང་། ཁ་ཆེའི་རྒྱལ་ཁབ་མང་པོའི་ནང་ཡེ་ཤུའི་ཆོས་དད་པ་ཚོར་སྡང་ཟུག་གྱི་བྱ་སྤྱོད་དང་། མཡན་མར་ནང་རོ་ཧིན་ཇི་ཡ་ཁ་ཆེ་གྲངས་ཉུང་མི་རིགས་དང་། རྒྱ་ནག་ནང་ཡུ་གུར་ཁ་ཆེ་མི་རིགས། དེ་བཞིན་ཨི་རག་ནང་(Yazid)གྲངས་ཉུང་མི་རིགས་ཀྱི་གནས་སྟངས་བཅས་ལ་དགོངས་པ་ཡང་ཡང་བཞེས་ཀྱི་ཡོད་ལུགས་གསུངས་ཞིང་། དེའི་ཁྲོད་ཡུ་གུར་བའི་སྐོར་དགོངས་ཚུལ་གསུངས་པ་ནི་ད་རེས་ཐེངས་དང་པོ་ཡིན་འདུག་ལ་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེར་གཞི་རྩ་མེད་ཚུལ་གྱི་སྐྱོན་བརྗོད་བྱས་འདུག
གནད་དོན་དབྱེ་ཞིབ་པ་ཁག་གིས། ཡེ་ཤུའི་བླ་ཆེན་མཆོག་ནས་ད་བར་ཡུ་གུར་མི་རིགས་ཀྱི་གནས་སྟངས་ཐད་ཡོངས་གྲགས་གླེང་སློང་མ་གནང་པ་ནི། རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་བསྐོ་བཞག་བྱ་ཕྱོགས་ཐད་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་དང་རྒྱ་ནག་གཞུང་བར་གྲོས་མོལ་གྱི་བརྒྱུད་རིམ་འགྲོ་བཞིན་པའི་རྒྱུ་མཚན་ལ་ཐུག་གི་ཡོད་ཅིང་། འདི་ལོའི་ཕྱི་ཟླ་༩པའི་ནང་གྲོས་མཐུན་གཏན་འབེབས་བྱུང་འདུག
གནས་ཚུལ་ནང་གསལ་ལྟར་ན། རྒྱལ་སྤྱིའི་ཐོག་ཆོས་ལུགས་ཀྱི་དབུ་ཁྲིད་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་དེ་བཞིན་གཞུང་བཅས་ཚོགས་པ་སྒྲིག་འཛུགས་མང་པོས། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་གྲངས་ཉུང་མི་རིགས་ཐོག་དམ་དྲག་དང་དྲག་གནོན་གྱི་གནས་སྟངས་དེ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ཞིག་ཡིན་པར་སྐྱོན་བརྗོད་བྱེད་བཞིན་ཡོད་ལ། ཟླ་བ་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)མཆོག་གིས། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ཝེ་ཊི་ཁན་དུ་མཇལ་འཛོམས་སྐབས་སུ་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།