རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་བ་ཆིན་ཀང་གིས་ད་ཆ་པེ་ཅིན་གྱི་དམའ་རིམ་གཞུང་གཉེར་དཔེ་བསྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་འདུག
དེ་སྔའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཕྱི་ལོ་༢༠༢༣་ལོའི་དབྱར་ཁར་ལྐོག་གྱུར་ངང་མི་མང་གི་མིག་ལམ་ནས་ཡལ་བ་ལྟ་བུར་གྱུར་བ་ནས་བཟུང་། ཁོའི་གནས་ཚུལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་ལམ་ཁག་ནང་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། ཁོ་པ་གར་སོང་ཆ་མེད་དུ་གྱུར་བ་ནས་བཟུང་ཁག་ཅིག་གིས་ཁོང་བཙོན་དུ་ཚུད་ཡོད་པའམ་རང་ཤི་བརྒྱབ་ཡོད་ལུགས་སོགས་ཀྱི་གནས་ཚུལ་འདྲ་མིན་སྤེལ་ཡོད་པ་དང་། དུས་ཡུན་གང་མཚམས་རིང་གར་སོང་ཆ་མེད་སོང་བའི་རྗེས་སྤྱི་ལོ་༢༠༢༣་ལོའི་ཟླ་༧པའི་ནང་ཁོ་རང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། ཁོང་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དུས་ཡུན་ཐུང་ཤོས་དེ་ཆགས་ཡོད་པ་རེད།
ད་ཆ་མིང་བརྗོད་འདོད་མེད་པའི་ཨ་རིའི་ལས་བྱེད་ཟུར་པ་གཉིས་ཀྱིས་བཤད་པ་ལྟར་ན། ལོ་ན་༥༨ལ་སོན་པའི་ཆིན་ཀང་གིས་ད་ཆ་རྒྱ་ནག་ཕྱི་སྲིད་ལས་ཁུངས་དང་འབྲེལ་བ་ཡོད་པའི་དམའ་རིམ་རྒྱལ་གཉེར་དཔེ་བསྐྲུན་ཁང་ཞིག་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁོང་གི་གོ་གནས་དམའ་རུ་བཏང་བའི་དུས་ཚོད་དེ་ད་ལོའི་དཔྱིད་ཀའི་མཚམས་སུ་ཡིན་ཞིང་། དེ་ནི་ཁོའི་གཟི་བརྗིད་ཉམས་པའམ་ཡང་ན་གོ་གནས་དམའ་རུ་སོང་བ་མཚོན་གྱི་ཡོད་ལ། ཁོའི་ལས་གནས་དམའ་རུ་སོང་བ་ནི་ཁོའི་གོ་གནས་དམའ་རུ་སོང་བ་ལས་ཁོ་བཙོན་ཁང་དུ་འགྲོ་དགོས་ཐུག་མེད། ཡིན་ནའང་ད་ཆ་ཁོའི་དབང་ཚད་ཚར་སོང་བ་རེད་ཅེས་བཤད་པ་ཨེ་པི་(AP)་གསར་སྤེལ་ཁང་གིས་ལུང་འདྲེན་དང་བཅས་གནས་ཚུལ་སྤེལ་འདུག
ཆིན་ཀང་དང་འབྲེལ་བའི་གོང་གི་གནས་ཚུལ་འདིའི་ཐད་ཨེ་པི་གསར་ཁང་གིས་རྒྱ་ནག་ཕྱི་སྲིད་ལས་ཁང་ལ་འབྲེལ་བ་ཡང་ཡང་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱེད་ཐབས་བྱས་ཀྱང་ལན་འདེབས་གང་ཡང་བྱུང་མི་འདུག
༢༠༢༣་ལོའི་སྤྱི་ཟླ་༩བའི་ཚེས་༡༩ཉིན་(Wall Street Journal)་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། གནས་དབྱུང་བཏང་མ་ཐག་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཟེར་བས་ཨ་རིར་རྒྱ་ནག་གི་གཞུང་ཚབ་པའི་ལས་འགན་འཁུར་བཞིན་པའི་སྐབས་སུ། བུད་མེད་ཅིག་ལ་ལུས་འབྲེལ་བྱུང་ནས་བྱིས་པ་ཞིག་སྐྱེས་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་ལས་གནས་ནས་ཕྱིར་ཕུད་བཏང་པ་ཞིག་ཡིན་པའི་སྐོར་དང་། དེ་འབྲེལ་སྤྱི་ཟླ་བརྒྱད་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཆིན་ཀང་གི་སྤྱོད་ཚུལ་དང་བྱ་སྤྱོད་ལ་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་། མིག་སྔར་ཞིབ་བཤེར་བྱ་གཞི་གཙོ་བོ་དེ་ནི་དོན་རྐྱེན་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཡོད་མེད་དེ་ཡིན་པ་གནས་ཚུལ་སྤེལ་ཡོད་པ་རེད།
གནས་ཚུལ་ནང་དུ་ཆིན་ཀང་གི་གོ་གནས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཁོ་རང་གི་ཚབ་ལ་ཝང་ཡེས་(Wang Yi)་ཕྱི་སྲིད་བློན་ཆེན་དུ་བསྐོས་པ་ལས་འགྲེལ་བཤད་གསལ་པོ་ཞིག་བརྒྱབས་མེད་པའི་སྐོར་འཁོད་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་བློ་ཐག་ཉེ་བོ་ཡོད་པའི་ཆིན་ཀང་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་པའི་གོ་གནས་འཛིན་མུས་ཐོག་གློ་བུར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ལ་བསྐོ་གཞག་བྱས་ཡོད་པ་རེད།།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བསྐོ་བཞག་བྱས་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥུ་(Li Shangfu)་ལོ་སྔོན་མའི་ཟླ་བ་༨པའི་ཚེས་༣༠ཉིན་གར་སོང་ཆ་མེད་དུ་སོང་ཡོད་པ་དང་། རྗེས་སུ་ཁོང་གིས་ལྐོག་ཟ་རུལ་སུངས་བྱས་རྐྱེན་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཞིག་ཐོན་བཞིན་པ་རེད།
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།