ཁེ་ཎ་ཌའི་གཞུང་གིས་ཕྱི་ལོ་༢༠༡༢ལོར་རྒྱ་གར་བྱང་ཤར་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ཎ་ཌའི་ནང་གཞིས་སྤོས་སུ་ལེན་རྒྱུ་གནང་བ་བཞིན་ད་ཆ་ལས་གཞི་དེ་བཞིན་མཇུག་བསྒྲིལ་ལ་ཉེ་བ་ཡོད་པ་དང་། བོད་མི་ཆིག་སྟོང་ནང་ནས་རྒྱལ་ས་ཨོ་ཊ་ཝ་Ottawaའི་དང་བླངས་ཚོགས་པས་བོད་མི་༩༧ལེན་རྒྱུའི་ཁས་ལེན་བྱས་པ་བཞིན་བོད་མི་མཐའ་མ་སྐལ་བཟང་ལྷུན་གྲུབ་ལགས་ཞུ་བ་ཁོང་ཕྱི་ཟླ་༡༡ ཚེས་༣ཉིན་རྒྱལ་ས་Ottawaའི་གནམ་ཐང་དུ་འབྱོར་སྐབས་ཕྱི་རྒྱལ་སྦྱིན་བདག་དང་ ས་གནས་བོད་མི་ཚོས་ཁོང་ལ་ཕེབས་བསུ་ཞུས་འདུག་ལ། Ottawaའི་ལྷོ་ཕྱོགས་ ས་གནས་ཀྱི་ལས་གཞིའི་འགན་འཛིན་Von Baeyer ཞུ་བས་ད་ཆ་ཁས་ལེན་ཞུས་པའི་བོད་མི་ཚང་མ་ལེན་ཐུབ་པར་ཁོང་རང་ཧ་ཅང་ཐུགས་བློ་ཁེངས་པོ་བྱུང་ཡོད་སྐོར་གསུངས་ཡོད་ལུགས་ས་གནས་ཀྱི་Ottawa South News ཞེས་པས་གནས་ཚུལ་སྤེལ་བཞག
ཁེ་ཎ་ཌའི་Ottawaགྲོང་ཁྱེར་གྱི་བོད་མི་གཞིས་སྤོས་ལེན་རྒྱུར་རོགས་རམ་གནང་མཁན་དང་བླངས་ཞབས་ཞུ་ལས་ཁང་གིས་ཕྱི་ལོ་༢༠༡༢ནས་བཟུང་ད་བར་ཞལ་འདེབས་ཁེ་ཎ་ཌའི་སྒོར་མོ་ཆིག་འབུམ་ལྔ་ཁྲི་ཙམ་བསྡུ་རུབ་ཐུབ་པ་བྱུང་ཡོད་པ་དང་། དེ་ཐོག་ནང་ཆས་དང་། གྱོན་ཆས་སོགས་ཞལ་འདེབས་གནང་མཁན་མང་པོ་ཞིག་ཀྱང་བྱུང་ནས་རྒྱ་གར་བྱང་ཤར་ནས་ཁུལ་དེར་གཞིས་སྤོས་ཡོང་མཁན་བོད་མི་༩༧ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག
ཁེ་ཎ་ཌའི་ནང་བོད་མི་ཆིག་སྟོང་གཞིས་སྤོས་ལེན་རྒྱུའི་ལས་གཞི་དེ་བཞིན་ཐོག་མར་ཕྱི་ལོ་༢༠༠༧ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ཎ་ཌའི་གཞུང་ལ་འབོད་སྐུལ་ཞུས་པ་བཞིན་བྱུང་བ་ཞིག་ཡིན་པ་དང་། ད་ཆ་བོད་མི་ཆིག་སྟོང་ནང་ནས་ཕལ་ཆེ་བ་ཁེ་ཎ་ཌར་འབྱོར་ཟིན་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།
