ཚོཊ་སྡེ་བཞི་བཅུ་ཡིས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་མི་འདོད་ངོ་རྒོལ་གྱི་སྙན་ཞུ།
2019.01.31
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་མཚམས་འཇོག་ཡོང་བར་འགན་འཁུར་གྱིས་གྲོས་ཆོད་གཏན་བེབས་དགོས་བའི་སྙན་ཞུ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལ་ཕུལ་འདུག
བོད་མི་དང་ཡུ་གུར་ཁ་ཆེ། གཞན་ཡང་རྒྱ་ནག་ནང་གི་ཡེ་ཤུ་དང་ངལ་རྩོལ་ལས་མི་དང་ཁྲིམས་རྩོད་པའི་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་བཅས་པའི་ཚོགས་སྡེ་ཁག་བཞི་བཅུ་ཡིས་ཐོུང་ཐོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་མ་ཚོགས་པའི་སྔོན་དུ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་ཚོས། རྒྱ་ནག་གཞུང་གིས་ཉེས་མེད་འཇུ་བཟུང་བྱེད་བཞིན་པ་དང་། གཞན་ཡང་མང་ཚོགས་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་མཚམས་འཇོག་ཡོང་བར་འགན་འཁུར་གྱིས་གྲོས་ཆོད་གཏན་བེབས་གནང་དགོས་པའི་རེ་འདུན་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་རེད།
སྙན་ཞུའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཐོག་བོད་མི་དང་ཡུ་གུར་ཁ་ཆེ་གནས་ཡུལ་ས་ཁུལ་ཁག་ལ་གནས་སྟངས་རྟོགས་ཞིབ་ཀྱི་ཆེད་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚན་པ་གཏོང་དགོས་པ་དང་། རྒྱ་ནག་གཞུང་གིས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས། ཆོས་ལུགས་རང་དབང་བཅས་པ་ཁྲིམས་འགལ་དུ་བརྩིས་ཏེ་དམ་དྲག་བཀག་སྡོམ་བྱེད་བཞིན་པ་མཚམས་འཇོག་ཡོང་བ་དང་། ཡང་ཁྲིམས་མཐུན་མིན་པར་འཛིན་བཟུང་བཙོན་བཅུག་བྱེད་བཞིན་པའི་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། དེ་བཞིན་བཙོན་ཁང་ནང་རྡུང་རྡེག་དྲག་གནོན་ཕོག་པ་རྣམས་ལ་གུན་གསབ་སྤྲོད་དགོས་པ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ཟེར་བ་དེ་འགྲོ་བ་མིའི་ཐོབ་ཐང་བརྡེལ་བཤིག་དང་རང་དབང་འཕྲོག་པའི་ལག་ཆར་བེད་སྤྱོད་བྱེད་བཞིན་པ་སོགས་མཚམས་འཇོག་དགོས་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཐོག་ནས་གྲོས་ཆོད་འཇོག་དགོས་པ་འཁོད་ཡོད་པ་རེད།
སྙན་ཞུའི་ནང་། འཛམ་གླིང་ནང་རྒྱལ་ཁབ་གང་ཞིག་ཇི་ཙམ་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་ཆེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་འབྲུ་དོན་དང་འགལ་ན་འགྲིག་ཐབས་མེད་པ་དེ་གསལ་པོ་བཟོ་དགོས་པ་དང་། དམིགས་བསལ་རྒྱ་ནག་ལྟ་བུར་རྒྱལ་སྤྱིའི་ཐོག་འགན་འཁུར་ཡོད་པའི་ཚོགས་མིའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་དགོས་ཚེ་རྒྱ་ནག་རང་ཉིད་ཀྱི་སྐྱོན་དང་ནོར་འཁྲུལ་ལ་དང་ལེན་བྱེད་དགོས་པ་ལས་རང་ལ་འདོད་མོས་མེད་པའི་གནད་དོན་ཁག་གཡོལ་ཐབས་ཁོ་ན་བྱས་ན་འགྲིག་ཐབས་མེད་པ་གསལ་པོ་བཟོ་དགོས་ཀྱི་ཡོད་པ་བཀོད་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།