དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ས་ཕྱོགས་གང་སར་སྲུང་བརྩི་ཞུས་འདུག
དེ་ཡང་བོད་ལུགས་ལྟར་ན། ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ནི་བོད་ཟླ་ ༨ ཚེས་ ༡ ཉིན་ཞིང་། ད་ལོ་ཕྱི་ཟླ་ ༩ ཚེས་ ༡༠ འཁེལ་བའི་ཉིན་མོར་འཛམ་གླིང་གི་ས་ཕྱོགས་གང་སར་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུས་འདུག་ཅིང་། དམིགས་བསལ་རྒྱ་གར་བྱང་ཕྱོགས་ཌེ་ར་ཌུན་ཁུལ་ས་སྐྱའི་དབུས་སྨོན་ལམ་ཚོགས་པས་གོ་སྒྲིགས་གནང་སྟེ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། ནད་པར་སྨན་སྦྱིན། དབུལ་ཕོངས་ལ་སྦྱིན་གཏོང་སོགས་གནང་པའི་སྒོ་ནས་སྲུང་བརྩི་ཞུས་གནང་འདུག་ཅིང་། ས་སྐྱའི་དབུས་སྨོན་ལམ་ཚོགས་པའི་ཚོགས་གཙོ་རྫོང་གསར་མཁན་པོ་མཁྱེན་བརྩེ་ལགས་ཀྱིས་རྣམ་པ་འདི་དག་གི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུས་པ་འདི་ནི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་དགོངས་པ་མཐུན་པ་ཞིག་ཡིན་པ་གསུངས་འདུག
དེ་བཞིན་བལ་ཡུལ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་སྦེལ་ལ་ཀོ་པི་དང་མོན་གྷོ་གཉིས་ཀྱི་ནང་ལ་ཡང་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་ཤིང་བྱ་ལོའི་བོད་ཟླ་ ༨ ཚེས་ ༡ ཕྱི་ལོ་ ༡༩༤༧ ཕྱི་ཟླ་ ༩ ཚེས་ ༧ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ས་སྐྱའི་ཁྲི་རབས་ ༤༡ བར་བསྐོ་བཞག་མཛད་པ་ནས་བཟུང་ཕྱི་ལོ་ ༢༠༡༧ ཟླ་བ་ ༣ བར་ལོ་ངོ་ ༦༦ རིང་དཔལ་ས་སྐྱ་པའི་ཁྲི་འཛིན་མཛད་ཡོད་པ་རེད།
0:00 / 0:00