ཡང་སྲིད་དང་འབྲེལ་བའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་ཨ་རིས་མུ་མཐུད་དུ་དགག་པ་རྒྱག་རྒྱུ་ཡིན་ཟེར།


2020-11-18
Share
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་ལགས།
AFP

རྒྱ་ནག་གཞུང་ལ་སྤྱི་ནོར་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་པ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་བསྐྱར་གསུང་གནང་འདུག
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་ལགས་ཀྱིས་རྒྱ་ནག་གཞུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་མེད་པ་དང་། ཆོས་ལུགས་ཀྱི་རྣམ་གཞག་ཐོག་ནས་གཞི་རྟེན་མེད་པའི་རྒྱ་ནག་གི་བྱེད་ཕྱོགས་དེར་ཨ་རི་གཞུང་གིས་མུ་མཐུད་དགག་པ་རྒྱག་གི་རེད་ཅེས་འདི་ཚེས་༡༧ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆོས་དད་རང་དབང་གོང་འཕེལ་ཆེད་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་དྲ་ཐོག་བརྒྱུད་ཚོགས་སྐབས་གསུངས་ཡོད་པ་རེད།
ཚོགས་འདུ་དེའི་ཐོག་སྐུ་ཞབས་(Sam Brownback)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲི་བར་ལན་འདེབས་གནང་སྐབས། ཁོང་དེ་སྔོན་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་བཙན་བྱོལ་དུ་གནས་སྡོད་བོད་མི་ཚོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་འདིའི་སྐོར་གསལ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་པ་དང་། འདས་པའི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་མི་ཚོས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་ཚག་ཚུད་གནང་ཐུབ་ཡོད་པ་དང་། ཆོས་ལུགས་གང་འདྲ་ཞིག་ཡིན་རུང་ཆོས་ལུགས་དེའི་དབུ་ཁྲིད་འདེམས་སྒྲུག་བྱེད་རྒྱུའི་བདག་དབང་དང་ཐོབ་ཐང་ཡོད་པ་དེར་ཨ་རིའི་གཞུང་གི་ངོས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསུངས་ཡོད།
ཁོང་གིས་ད་དུང་འཛམ་གླིང་གི་མི་འབོར་བརྒྱ་ཆ་༨༠ ཙམ་ལ་ད་ལྟ་ཡང་ཆོས་དད་རང་དབང་དང་འབྲེལ་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་སྡང་འཛིན་དང་དམ་དྲག་བྱེད་ཀྱི་ཡོད་ཅིང་། ལྷག་པར་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་དང་། བོད་མི་ནང་པ། ཡེ་ཤུའི་ཆོས་པ། (Falung Gong)རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་མཁན་བཅས་ཀྱི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་བ་དང་། དེང་སྐབས་རྒྱ་ནག་གཞུང་གི་བོད་དང་ཤིན་ཅང་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་། འཕྲུལ་ཆས་བརྒྱུད་ལམ་ཞིབ་བཤེར་གྱི་ཐབས་ལམ་ཤུགས་ཆེ་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་དེ་དག་ནང་ཁྲིམས་འགལ་གྱི་ཐོག་ནས་མང་ཚོགས་ཀྱི་ཆོས་དད་རང་དབང་རྡོག་རོལ་བཏང་བཞིན་ཡོད་པ་དེ་ཚོ་མ་འོངས་པར་རྒྱལ་ཁབ་གཞན་གི་ནང་དུ་ཡང་ལག་བསྟར་བྱས་སྲིད་པའི་ཉེན་ཁ་ཡོད་ལུགས་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎