ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོས་བལ་ཡུལ་དུ་འཚམས་གཟིགས་དང་མཉམ་བལ་ཡུལ་ནང་གི་བོད་མིའི་དཀའ་ངལ་གླེང་ཡོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་སྐུ་ཞབས་(Sam Brownback)་མཆོག་གིས། ཕྱི་ཟླ་ ༡༡ ་ཚེས་ ༡ ་ཉིན་བལ་ཡུལ་ནང་འཚམས་གཟིགས་གནང་ཡོད་པ་དང་། བལ་ཡུལ་གྱི་འགོ་ཁྲིད་མཉམ་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་དཀའ་ངལ་དང་གནས་སྟངས་སྐོར་བལ་ཡུལ་གྱི་སྲིད་འཛིན་དང་། ཕྱི་སྲིད་བློན་ཆེན་ལྷན་དུ་གླེང་སློང་གནང་ཡོད་པ་ཁུངས་ལྡན་མི་སྣ་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
སྐུ་ཚབ་ཆེན་མོ་མཆོག་གིས་རྒྱལ་ས་ཀཐ་མཎ་ཌུ་ནང་། དེ་སྔ་ས་ཡོམ་གྱི་དོན་རྐྱེན་ནང་གོད་ཆགས་བྱུང་བའི་ཧིན་རྡུའི་ཀྲིཤནཱ་ལྷ་ཁང་ཉམས་གསོའི་ལས་གཞིའི་ཆེད་ཨ་རིའི་གཞུང་གིས་ཨ་སྒོར་ཆིག་འབུམ་ལྔ་ཁྲིའི་རོགས་དངུལ་གནང་ཡོད་པ་ལྟར། འཛུགས་སྐྲུན་ལས་གཞི་འགོ་འཛུགས་ཀྱི་མཛད་སྒོར་ཕེབས་ཤིང་། དེ་དང་ཆབས་ཅིག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ་གནས་གཟིགས་གནང་སྐབས་ས་གནས་ཧིན་རྡུ་དང་ནང་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། ས་སྐྱའི་དགེ་འདུན་པ་ངག་དབང་བསྟན་འཛིན་ལགས་ཀྱིས་མཆོད་རྟེན་གཙོ་བོར་གྱུར་བའི་ནང་པའི་རྟེན་གཙོ་ཁག་ལ་གནས་བཤད་ངོ་སྤྲོད་ཞུས་འདུག ཨ་རིའི་སྐུ་ཚབ་ཆེན་མོའི་ངོས་ནས་ས་གནས་ཀྱི་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་ཁག་ལ་རྟོག་ཞིབ་རྒྱུས་ལོན་གནང་ཡོད་པ་རེད།
ཉེ་བའི་ཆར་བལ་ཡུལ་ནང་དུ་བོད་མི་ཚོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུར་མཐའ་གཅིག་ཏུ་བཀག་སྡོམ་བྱས་བ་མ་ཟད། བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤྱི་དང་། ལྷག་པར་ལོ་ཤས་རིང་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སོགས་སྲུང་བརྩི་ཞུ་རྒྱུར་ཡང་། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་བཀག་སྡོམ་འགོག་རྐྱེན་བཟོས་དང་བཟོ་མུས་ཡིན་པ་རེད། ད་ལྟ་བལ་ཡུལ་ནང་དུ་བོད་མི་བཙན་བྱོལ་བ་ཁྲི་གཉིས་ཙམ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
0:00 / 0:00