བོད་མི་ཚོར་རང་ལུས་མེར་བསྲེག་མི་གཏོང་རྒྱུར་འབོད་སྐུལ།

༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་མ་གཏོང་རོགས་གནང་ཞེས་འབོད་སྐུལ་གནང་བ།

༄༅༎༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེགས་མ་གཏོང་རོགས་གནང་ཞེས་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རོའུ་ཀྲར་གསར་འགྱུར་ལས་ཁང་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་བ་ཀརྨ་པ་རིན་པོ་མཆོག་གིས་མྱུར་འཕྲིན་བརྒྱུད་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྩ་བའི་ནང་པའི་ཆོས་ཕྱོགས་ཀྱི་ཐོག་ནས་མི་ལུས་རིན་པོ་ཆེ་འདི་ཧ་ཅང་རྩ་ཆེན་པོ་ཞིག་ཡིན་པར་གསུངས་ཀྱི་ཡོད་པ་དང་། ལྷག་པར་དུ་ང་ཚོ་བོད་མི་མི་འབོར་གྱི་ཆ་ནས་ཀྱང་གྲངས་ཁ་ཉུང་ཉུང་ཞིག་ལས་མེད་དུས་བོད་ཀྱི་རྩ་དོན་འགྲུབ་ཐབས་སུ་བོད་མི་གཅིག་གི་སྲོག་ཀྱང་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་བོད་ནང་གི་བོད་མི་ཚོར་བོད་མིའི་བདེན་དོན་སེལ་ཐབས་སུ་ཐབས་ལམ་གཞན་གྱི་ཐོག་ནས་འགྲུབ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འབོད་སྐུལ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས། རྒྱ་ནག་གཞུང་ནས་བོད་མི་ཚོའི་མངོན་འདོད་ལ་དགོངས་པ་བཞེས་དགོས་པ་མ་ཟད་དྲག་གནོན་གྱི་སྲིད་བྱུས་འཛིན་རྒྱུ་མཚམས་བཞག་ནས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་སྐུལ་མ་ཞུ་རྒྱུ་ཡིན་ཞེས་ཀྱང་བཀོད་གནང་ཡོད་པ་རེད།
སྤྱིར་བཏང་བོད་ནང་ལོ་འདིའི་ནང་། མདོ་སྨད་ཨ་མདོ་རྔ་པ་ཀིརྟི་ཁུལ་དང་། དཀར་མཛེས་ཁུལ་ད་བར་བོད་མི་བཅུ་གཅིག་ཙམ་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་འོག་འ་ཆད་འུ་ཐུག་གི་གནས་སྟངས་འོག་རང་ལུས་མེར་བསྲེགས་བཏང་བ་དང་། དེ་དག་གི་ཁོངས་ནས་དྲུག་ཙམ་རྐྱེན་ལམ་དུ་ཕྱིན་པ་བཅས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ནས་དེ་དག་ནི་ཕྱི་ཕྱོགས་ནས་བརྒྱུད་སྐུལ་བྱས་པ་ཡིན་ལུགས་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།