སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་མཇལ་མོལ་གནང་འདུག

དེ་ཡང་སྤྱི་ཚེས་༨ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་རྣམ་པ། མུ་མཐུད་དུ་ཨ་རིའི་གྲོས་ཚོགས་སུ་བཅར་ནས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་བཅས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ནས་བོད་དོན་ཞུ་སྐུལ་གནང་ཡོད་པ་དང་། གྲོས་ཚོགས་འོག་མའི་འཐུས་མི་(Chris Smith)་ལགས་སུ་མཇལ་མོལ་རྗེས་ཁོང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གྲོས་ཚོགས་སུ་བཏོན་པ་ལྟར་ཁྲིམས་སུ་གཏན་འབེབས་ཡོང་བའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་། མཇལ་མོལ་དེ་དག་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་དང་གཙོ་འཛིན་གཞོན་པ་བཅས་མཉམ་བཅར་གནང་ཡོད་པ་རེད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་སའི་ཁུལ་དུ་ཕྱོགས་ཕེབས་ཐེངས་གཉིས་པ་གནང་བའི་སྐབས་འདིར། གཙོ་བོ་དེ་སྔ་དང་མི་འདྲ་བར་ཨ་རིའི་གྲོས་ཚོགས་ནང་དུ་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གྱུར་ཡོད་པའི་ཆ་ནས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་གནད་འགག་ཅན་དང་ཤུགས་རྐྱེན་ལྡན་པ་ཁག་དང་མཇལ་མོལ་གནང་རྒྱུ་གཙོ་འདོན་གནང་གི་ཡོད་པ་དང་། དེ་བཞིན་གཙོ་ཆེ་བ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་སྐོར་ཞུ་སྐུལ་གནང་ཡོད་པ་གསུང་བྱུང་།
ཚེས་༧ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Michael McCaul)་ལགས་དང་། གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་(Mario Diaz-Balart)་ལགས། གྲོས་ཚོགས་འོག་མའི་དཔལ་འབྱོར་ལས་དོན་ཚོགས་ཆུང་གི་ཚོགས་མི་(Young Kim)་ལགས། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མ་རིའོ་ཌིཡེཛ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Brian Schartz)་ལགས། ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་(Todd Young)་བཅས་དང་མཇལ་མོལ་གནང་ཡོད་པ་རེད།
གསར་འགོད་པ། ཀླུ་འབུམ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།