སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་སྟོང་ཚོ་བརྒལ་བར་གཏམ་བཤད།


2017-01-19
Share
སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་སྟོང་ཚོ་བརྒལ་བར་གཏམ་བཤད་གནང་བཞིན་པ། ༢༠༡༧།༡།༡༨ སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་སྟོང་ཚོ་བརྒལ་བར་གཏམ་བཤད་གནང་བཞིན་པ། ༢༠༡༧།༡།༡༨
FB

སྲིད་སྐྱོང་མཆོག་གིས་སློབ་ཕྲུག་སྟོང་ཚོ་བརྒལ་བར་རྒྱ་གར་གྱི་བླ་སྲོག་དཔལ་ན་ལེནྡྲའི་གནའ་རབས་ཀྱི་ལེཊ་སྦྱང་སླར་གསོའི་ཐད་གཏམ་བཤད་གནང་འདུག
དེ་ཡང་ཕྱི་ཚེས་༡༨་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། རྒྱ་གར་མཧཱ་རཱཤཀྲ་མངའ་སྡེའི་Maharashtra་གྲོང་ཁྱེར་པུ་ནེའི་Pune་ནང་རྟེན་གཞི་བྱེད་པའི་རྒྱ་གར་གྱི་སློབ་ཕྲུག་ཚོགས་པ་Bharatiya Chhatra Sansad Foundation་ཞེས་པའི་ལོ་འཁོར་ཚོགས་ཆེན་ཐེངས་༧་པའི་རྒྱལ་སྤྱིའི་གནས་བབ་ཀྱི་ཐོག་ནས་རྒྱ་གར་གྱི་གོ་ས་བསྐྱར་གསོ་ཡོང་ཐབས་ཞེས་པ་དང་། རྒྱ་གར་གྱི་བླ་སྲོག་དཔལ་ན་ལེནྡྲའི་གནའ་རབས་ཀྱི་ལེགས་སྦྱང་སླར་གསོ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་འདུག
སྲིད་སྐྱོང་མཆོག་གིས། གནའ་སྔ་མོ་རྒྱ་གར་ནི་དམག་དཔུང་དང་། ཚོང་འབྲེལ་སོགས་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་སྤྱི་ཚོགས་ཀྱི་དཔལ་ཡོན་སོགས་ཕྱོགས་གང་ཅིའི་ཐོག་ནས་འཛམ་གླིང་ནང་ནས་རྩེར་སོན་ཡིན་པ་གསུང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས། དེང་སྐབས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་།
བར་སྐབས་ཤིག་ལ་རྒྱལ་སྤྱིའི་རིང་ལུགས་ཀྱི་བསམ་བློ་དང་གུ་ཡངས་ཀྱི་བསམ་བློ། དེ་བཞིན་གོ་ལ་གཅིག་གྱུར་གྱི་འདུ་ཤེས་དང་། མང་གཙོའི་རིང་ལུགས་ལ་ཐད་ཀར་གདོང་ལེན་བྱ་རྒྱུའི་ལམ་སྲོལ་ཞིག་དར་ནས་ཐལ་ཆ་ཆེ་བའི་རྒྱལ་ཞེན་རིང་ལུགས་དང་གཡས་ཕྱོགས་ཀྱི་བསམ་བློ་འཛིན་མཁན་ཇེ་མང་དུ་ཕྱིན་ཡོད་པའི་དཔེ་མཚོན་འགའ་ཤས་དྲངས་འདུག
རྒྱལ་སྤྱིའི་སྤྱི་ཡོངས་ཀྱི་གནས་སྟངས་འདི་འདྲ་ཞིག་ལ་བསླེབས་བཞིན་པའི་སྐབས། རྒྱལ་སྤྱི་དང་རྒྱ་གར་གྱི་ངོས་ནས་གདོང་ལེན་གནང་ཕྱོགས་ཐད་སྲིད་སྐྱོང་མཆོག་གི་དགོངས་ཚུལ་འགྲེལ་བརྗོད་གནང་བའི་ནང་། རྒྱ་གར་གྱིས་རྒྱལ་སྤྱིའི་ཐོག་རང་གི་གོ་ས་ཕྱིར་ལེན་ཆེད་དུས་རབས་དང་པོ་དང་བཅུ་གསུམ་ལ་ཕྱིར་མིག་བལྟས་ནས་ཨི་ཇིབ་དང་། མེ་སོ་པོ་ཊེ་མི་ཡའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་བ་དང་ཕྱོགས་མཚུངས་པའི་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་Indus Valley Civilization་དར་འཕེལ་ཧ་ཅང་འབྱུང་བའི་གནས་སྟངས་ལ་ཕྱིར་ལྟ་གནང་དགོས་པའི་སྐོར་གསུངས་འདུག
རྒྱ་གར་ནས་དར་བའི་ནང་ཆོས་དེས་ཨེ་ཤེ་ཡ་མངའ་ཁུལ་གྱི་ས་བབ་ཀྱི་ཆབ་སྲིད་གནས་སྟངས་ཐོག་ཤུགས་རྐྱེན་ཧ་ཅང་ཡོད་པར་བརྟེན། གལ་ཏེ་རྒྱ་གར་གྱིས་གནའ་རབས་ཀྱི་གོ་ས་དེ་བསྐྱར་ལེན་གནང་དགོས་ཚེ་རྒྱ་གར་གྱི་སྲོལ་རྒྱུན་བླ་སྲོག་ལ་བདག་པོ་སྐྱོན་དགོས་རྒྱུ་དང་། ནང་ཆོས་ནི་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཡིན་ཞིང་ནང་ཆོས་བརྒྱུད་ནས་ཨེ་ཤེ་ཡ་སྤྱི་ཡོངས་ཀྱི་དབུ་འཕང་གོང་དུ་བསྟོད་ཐུབ་རྒྱུ་མ་ཟད། དེའི་བརྒྱུད་ནས་རྒྱ་གར་གྱི་གནས་སྟངས་རྩེ་མོར་སོན་ཐུབ་རྒྱུ་ཡིན་པའི་གཏམ་བཤད་གནང་འདུག
གོང་ཞུས་འདུ་འཛོམས་དེར་རྒྱ་གར་གྱི་སློབ་ཕྲུག་གཙོ་བོར་གྱུར་བའི་འཇར་མན་ནི་སོགས་ཡུལ་གྲུ་འདྲ་མིན་ནས་སློབ་ཕྲུག་གྲངས་༡༠༠༠༠་ལྷག་མཉམ་ཞུགས་གནང་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།