སྲིད་སྐྱོང་མཆོག་གིས་ཨ་རིའི་ནུབ་ཕྱོགས་ཁུལ་གྱི་མངའ་སྡེ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

2023.02.13
སྲིད་སྐྱོང་མཆོག་གིས་ཨ་རིའི་ནུབ་ཕྱོགས་ཁུལ་གྱི་མངའ་སྡེ་ཁག་ཅིག་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་(Colorado)་མངའ་སྡེ་ཁུལ་དུ་འཚམས་གཟིགས་སྐབས། ༠༢།༡༠།༢༠༢༣
CTA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འགྲུབ་རྗེས་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ནང་ཕྱོགས་ཕེབས་གནང་བཞིན་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འགྲུབ་རྗེས། སྲིད་སྐྱོང་མཆོག་ཕྱི་ཟླ་༢བའི་ཚེས་ ༡༠ཉིན་ཨ་རིའི་(Colorado)་མངའ་སྡེའི་རྒྱལ་ས་(Denver)་དུ་ཕེབས་འབྱོར་ཀྱིས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ས་གནས་མང་ཚོགས་བཅས་དང་མཇལ་འཕྲད་ཀྱིས་བཀའ་སློབ་གསུང་བཤད་དང་དྲི་བར་དྲིས་ལན་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་གཙོ་བོ་བོད་མི་ཞིག་ཡིན་པའི་ཆ་ནས་རང་སོ་སོར་འགན་འཁུར་ཆེན་པོ་ཞིག་ཡོད་པ་དེ་དག་མ་བརྗེད་པ་བྱེད་དགོས་གལ་ཆེ་བའི་སྐོར་དྲན་བསྐུལ་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་ལས་འགུལ་རིགས་ལ་དྲག་གནོན་གྱི་ཆེད་ཁྲིམས་དང་། སྒྲིག་གཞི་ཁ་གསལ་མེད་པའི་སྲིད་བྱུས་སྣ་ཚོགས་སྤེལ་ནས་བོད་མི་ཚོ་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པའི་སྐོར། ཡང་བོད་མི་རིགས་ཀྱི་སྲོག་རྩ་ཆོས་དང་རིག་གཞུང་ལ་བརྟེན་ནས་ཡོད་དུས། ཆབ་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར། དངོས་སུ་བོད་ནང་གི་དགོན་སྡེ་ཁག་གི་ནང་འཛུལ་ནས་བོད་མིའི་གནའ་བོའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཐོག་ཐེ་བྱུས་བྱེད་ཀྱི་ཡོད་པ་དེ་ཛ་དྲག་གི་གནས་སྟངས་ཤིག་ཡིན་སྐོར་སོགས་གསུང་འདུག

Sikyong penpa tsering (3).jpg
ད་དུང་སྲིད་སྐྱོང་མཆོག་གིས་བོད་ནང་གི་གནས་སྟངས་སྐོར་མུ་མཐུད་དུ་གསུང་སྐབས། བོད་ནང་གི་དཔལ་འབྱོར་གྱི་རྒྱབ་རྟེན་ཡོད་སའི་གྲོང་ཁྱེར་དང་གྲོང་བརྡལ་ནང་རྒྱ་མི་རིགས་མང་པོ་ཞིག་གནས་སྤོ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་མིར་དགོས་མཁོ་ཡོད་མིན་ལ་མ་བལྟོས་པར་འཛུགས་བསྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་དེའི་འོག་བོད་མི་རིགས་ཀྱི་རིག་གཞུང་ངོ་བོ་དང་བཅས་པ་རྩ་བརླགས་གཏོང་རྒྱུར་དམིགས་ནས་བོད་ཕྲུག་རྣམས་ཕ་མ་དང་མཉམ་དུ་མ་བཞག་པར་གཏན་འཇགས་སློབ་གྲྭ་ཁག་ནང་འཇུག་བཞིན་པ་དེ་ནི་ཉེན་ཁ་ཅན་ཞིག་ཡིན་པ་གསུང་འདུག
སྲིད་སྐྱོང་མཆོག་གིས་ད་དུང་དབུས་བོད་མིའི་སྒྲིག་འཛུགས་ལ་ལས་འགན་གཙོ་བོ་གཉིས་ཡོད་པ་དེ། དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་དོན་བདེན་མཐའ་སེལ་ཐབས་དང་། བཙན་བྱོལ་བོད་མིའི་བདེ་སྡུག་ལ་ལྟ་སྐྱོང་གནང་རྒྱུ་དེ་ཡིན་པ་ལྟར། བོད་དོན་བདེན་མཐའ་སེལ་ཐབས་སུ་འཆར་གཞི་དང་ལྡན་པའི་ཐོག་གོམ་པ་སྤོ་བཞིན་ཡོད་སྐོར་གསུངས་འདུག
ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་ཐུགས་འགན་བཞེས་པ་ནས་ད་རེས་ས་གནས་སུ་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། ད་རེས་ས་གནས་མི་མང་དང་མཇལ་འཕྲད་དང་བཀའ་སློབ་ལམ་སྟོན། དེ་བཞིན་དྲི་བར་དྲིས་ལན་ལ་སོགས་པའི་མཛད་རིམ་ཁག་ལ་ས་གནས་མི་མང་ཚོས་ཧ་ཅང་གི་དགའ་ཚོར་ཆེན་པོ་གནང་གི་འདུག་ལ་ད་རེས་སྲིད་སྐྱོང་མཆོག་གི་དུས་ཐུང་གི་མཛད་རིམ་དེ་ཧ་ཅང་གི་ཡག་པོ་ཞིག་བྱུང་ཡོད་པ་ངོས་འཛིན་གནང་གི་འདུག

Sikyong penpa tsering (4).jpg
དེ་བཞིན་ཟླ་༢བའི་ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་(Utah) ་མངའ་སྡེ་ནང་ཕེབས་ནས་ཁུལ་དེའི་གནས་སྡོད་བོད་མི་དང་། དམིགས་བསལ་ས་གནས་ཀྱི་བོད་མི་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་ཡོད་པ་རེད།
ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ཨོ་རེ་གྷན་མངའ་སྡེའི་གྲོང་ཁྱེར་(Portland)་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ས་གནས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་བ་དང་། དེ་ནས་སྲིད་སྐྱོང་མཆོག་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པའི་ཚོགས་ཁང་ངམ་བོད་ཁང་དུ་ཕེབས་ནས་གཟའ་འཇུག་སློབ་གྲྭར་འཚམས་གཟིགས་གནང་ཡོད་པ་རེད།
གཞན་ཚེས་༡༣ཉིན་སྲིད་སྐྱོང་མཆོག་(Portland)་ནས་(Seattle)་ལ་ཕེབས་ནས་དེ་ཁུལ་དུ། ས་གནས་སུ་འཚམས་གཟིགས་དང་མཉམ་བོད་མི་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་ནས་རིམ་པས་ཁེ་ཎ་ཌའི་ནང་ཕེབས་ནས་སྤྱི་ཚེས་༡༧བར་མཛད་འཆར་འདྲ་མིན་སྐྱོང་རྒྱུ་པང་སྒྲིག་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།


གསར་འགོད་པ། པ་སངས་དོན་ལྡན། ཨ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎