དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་ལྟར། འདི་ཚེས་༡༥ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཇེམ་མེག་གྷ་ཝིན་(Jim McGovern)་ལགས་དང་མཇལ་མོལ་གནང་ནས་
བོད་རྒྱའི་རྩོད་རྙོག་སེལ་ཐབས་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་(H. R. 533 Promoting a Resolution to the Tibet-China Dispute Act)་དེ་གྲོས་ཚོགས་གོང་མའི་ནང་གང་མགྱོགས་ཀྱིས་གོ་བསྡུར་དང་གཏན་འབེབས་གནང་ཐབས་ལ་སྐུལ་འདེད་གནང་ཡོད་པ་དང་། ཕྱི་ཟླ་༤ཚེས་༡༦ཉིན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་ལགས་དང་། གྲོས་ཚོགས་འཐུས་མི་ཡང་ཀིམ། འཐུས་མི་ནཱན། འཐུས་མི་མཡེཀལ་མེཀོལ་བཅས་དང་མཇལ་འཕྲད་གནང་གི་འདུག་ལ། རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཕྱག་ཚོད་༡༠པའི་ཐོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་དོན་ཁྲིམས་འཆར་འདི་སྙན་སྒྲོན་དང་བགྲོ་གླེང་གོ་བསྡུར་གནང་གི་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། མཇལ་འཕྲད་དེ་དག་སྐབས་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ལི་ཝུཌ་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་(Richard Gere)་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ལྷན་བཅར་གནང་ཡོད་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཇེམ་མེག་གྷ་ཝིན་ལགས་གཉིས་ཀྱིས་ད་ལྟའི་ཆར་ཨ་མི་རི་ཀས་བོད་དོན་དང་འབྲེལ་བའི་ཁྲིམས་གསུམ་གཏན་འབེབས་བྱས་ཡོད་པ་དེ་དག་ལག་ལེན་ག་ཚོད་ཅིག་བསྟར་ཡོད་མེད་དང་། མ་འོངས་པར་བོད་དོན་ལ་ནུས་པ་ཐོན་ཐབས་སྐོར་བཀའ་མོལ་ལྷུག་པོ་གནང་ཡོད་འདུག
ཤེས་གསལ་ལྟར་ན། ཟླ་༤པའི་ཚེས་༡༦ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་སུ་༢༠༠༢་ལོའི་བོད་ཀྱི་སྲིད་ཇུས་ཀྱི་ཁྲིམས་བཟོ་བཅོས་ཁྲིམས་འཆར་(S138)་ཞེས་པར་ཉན་ཞིབ་དང་གྲོས་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། གལ་ཏེ། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཚོགས་སུ་བོད་ཀྱི་ཁྲིམས་འཆར་ཨང་(S138)་དེ་གཏན་འབེབས་བྱུང་ཚེ། དེ་གྲོས་ཚོགས་གོང་མར་ཕུལ་ནས་དེ་ནས་ཡང་གོ་བསྡུར་དང་གཏན་འབེབས་བྱུང་ན། ཨ་རིའི་སྲིད་འཛིན་མཆོག་གིས་ཆོག་མཆན་མཚན་རྟགས་བཀོད་ན་རྒྱལ་ཁབ་ཀྱི་ཁྲིམས་ཆགས་ཀྱི་ཡོད་པ་རེད།
དེ་མིན་བཀའ་ཤག་སྐབས་བཅུ་དྲུག་པས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་ཙམ་མ་ཡིན་པར་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞིག་ཐོབ་ཐབས་སུ། སྲིད་ཇུས་ཀྱི་ཆ་ནས་དབུ་མའི་ལམ་ཡིན་ན་ཡང་། ཐབས་ལམ་གསར་བ་ཞིག་བཙལ་ནས་འབད་བརྩོད་གནང་མུས་སུ་ཡོད་པ་དང་། ད་རེས་ཁྲིམས་འཆར་ཨང་(S138)་དེ་མཐའ་མཇུག་ཨ་རིའི་ཁྲིམས་སུ་ཆགས་མིན་ལ་མ་བལྟོས་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་གསལ་བོ་ཞིག་སྤྲད་པ་ནི་ལོ་རྒྱུས་སུ་བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དེ་རེད། དེ་མིན་རྒྱལ་སྤྱིའི་ཁྲིམས་ལུགས་སུ་ཡོད་པའི་ཐོབ་ཐང་དེ་བོད་མི་ཚོ་ལའང་ཡོད་པ་དང་། དམིགས་བསལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ། ཡིན་ནའང་ད་ལྟའི་གནས་སྟངས་འོག་བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ལོངས་སུ་སྤྱོད་མ་ཐུབ་པ་ཆགས་ཡོད། ཅེས་སོགས་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།