གཞས་པ་གྲགས་ཅན་ཕུར་བུ་ཊཱི་རྣམ་རྒྱལ་ལགས་མཁལ་མ་བསྙུན་གཞི་བྱུང་འདུག

2020-02-07
གློག་འཕྲིན།
མཆན།
Share
པར་བཀོད།
གཞས་པ་གྲགས་ཅན་ཕུར་བུ་ཊཱི་རྣམ་རྒྱལ།
གཞས་པ་གྲགས་ཅན་ཕུར་བུ་ཊཱི་རྣམ་རྒྱལ།
ངོ་དེབ།

བཙན་བྱོལ་ནང་གི་བོད་པའི་གཞས་པ་གྲགས་ཅན་ཕུར་བུ་ཊཱི་རྣམ་རྒྱལ་ལགས་མཁལ་མ་གཉིས་ཀར་བསྙུན་གཞི་བྱུང་སྟེ་ད་ཆ་ཛ་དྲག་གིས་མཁལ་བ་སྦྱིན་གཏོང་བ་འཚོལ་བཞིན་འདུག ཁོང་གིས་ངོ་དེབ་བརྒྱུད་གནས་སྟངས་འགྲེལ་བརྗོད་གནང་དོན།  ངོས་རང་འདས་པའི་ལོ་གཅིག་ཙམ་རིང་མཁལ་མའི་ནད་མནར་གྱི་དབང་གིས་སྨན་བཅོས་ཆེད་ནང་དུ་ངལ་གསོ་བཞིན་པ་ཡོད་ལ། ཨ་རིའི་མི་ནེ་སོ་ཊའི་མངའ་སྡེ་ནང་ཡོད་པ་མེའོ་སྨན་ཁང་གི་སྨན་པ་ཚོས་མཁལ་མ་སྦྱིན་གཏོང་བ་ཞིག་འཚོལ་དགོས་པའི་དགོངས་ཚུལ་བཏོན་པ་གཞིར་བཟུང་འབད་པ་བྱེད་མུས་ཡིན།  ད་བར་མཁལ་མ་སྦྱིན་པ་གཏོང་མཁན་འགའ་ཤས་བྱུང་ཡང་ཟུངས་ཁྲག་མ་འཕྲོད་པ་དང་།  དེ་མིན་གྱི་གནས་ཚུལ་གཞན་གྱི་རྐྱེན་པས་ལམ་ལྷོང་བྱུང་མེད།  དྲ་ཚིགས་གཟིགས་མཁན་རྣམ་པ་ཚོས་བྱམས་བརྩེ་ལྡན་པའི་སྦྱིན་གཏོང་བ་རིགས་མཁྱེན་རྟོགས་ཡོད་ཚེ་ངོས་ལ་འབྲེལ་གཏུག་གནང་རོགས་ཅེས་གསུངས་འདུག ཚེས ༧ ཉིན། རྒྱ་གར་ལྷོ་ཕྱོགས་མོན་གོལ་གཞིས་ཆགས་སུ་ཡོད་པ།  ཕུར་བུ་ཊཱི་རྣམ་རྒྱལ་ལགས་སུ་མཁལ་མ་ཞལ་འདེབས་གྱི་ལས་དོན་འབྲེལ་མཐུད་པ་བསྟན་འཛིན་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་གསུངས་ན།  ད་ལྟའི་ཆར་མི་གྲངས་༦ གི་མཁལ་མ་ཞལ་འདེབས་གནང་འདོད་བྱུང་འདུག་པ་དང་།  ཟུངས་ཁྲག་འཕྲོད་མིན་སོགས་ཀྱི་ཐད་བརྟག་དཔྱད་གནང་བཞིན་ཡོད་པ་རེད་འདུག

ཕུར་བུ་ཊཱི་རྣམ་རྒྱལ་ལགས་ནི་བཙན་བྱོལ་འཚར་ལོངས་བྱུང་ཤིང་། བོད་ཕྱི་ནང་གཉིས་སུ་སྐད་གྲགས་ཡོད་པའི་གཞས་བ་ཞི་ཡིན་ལ་།  ཁོང་གིས་ད་བར་གླུ་གཞས་མཇལ་ཡོང་དང་། སེམས་སྐྱིད་པོ། ༧གོང་ས་མཆོག ངའི་སྙིང་ནས།  ཉི་མ་གསར་པ་ཤར་ཡོང་། མཐུན་སྒྲིལ་སོགས་བོད་གཞས་མང་པོ་བཏང་གནང་ཡོད་ལ། བོད་ནང་གི་བོད་མི་ཚོས་ཀྱང་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་འདུག ཁོང་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དུ་འཁྲུངས་ཤིང་། ཕྱིས་སུ་ཨ་རིའི་ནང་ཕྱི་མི་གཞིས་སྤོར་ལས་འཆར་ཁོངས་ཕེབས་ནས་མི་ནེ་སོ་ཊར་མངའ་སྡེའི་མིནི་ཡ་པོ་ལིསི་ས་གནས་སུ་གནས་བཞུགས་གནང་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།