ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པ་ཁག་གིས་ཡུལ་དེའི་སྲིད་འཛིན་གནས་དབྱུང་གཏོང་རྒྱུའི་གྲོས་འཆར་བཏོན་འདུག
ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པ་ཁག་གིས་འདི་ཚེས་༤རེས་གཟའ་ལྷག་པའི་ཉིན་ཡུལ་དེའི་སྲིད་འཛིན་(Yoon Suk Yeol)་གོ་གནས་ནས་གནས་དབྱུང་གཏོང་དགོས་བའི་ཞུ་གཏུག་ཕུལ་ཡོད་ཅིང་། དེ་ནི་ཁོང་གིས་དུས་ཐུང་རིང་ཀོ་རི་ཡའི་ནང་དྲག་པོའི་ཁྲིམས་གཞི་བསྡམས་རྒྱུའི་བཀའ་རྒྱ་བཏང་བར་བརྟེན་མཚོན་ཆ་ཐོགས་པའི་དམག་མི་རྣམས་ཀྱིས་གྲོས་ཚོགས་བསྐོར་ནས་སྲུང་དུ་བཅུག་པ་དང་། རྗེས་སུ་གྲོས་ཚོགས་འཐུས་མི་རྣམས་གྱང་རའི་ཐོག་འཛེགས་ནས་གྲོས་ཚོགས་ནང་དུ་འཛུལ་ཏེ་ཆོད་སློག་འོས་ཤོག་འཕངས་ནས་སྲིད་འཛིན་གྱི་དྲག་པོའི་ཁྲིམས་གཞི་བསྡམས་པའི་བཀའ་རྒྱ་ཕྱིར་འཐེན་བྱ་རྒྱུའི་ཐད་མོས་མཐུན་བྱུང་ཡོད་པ་རེད།
སྲིད་འཛིན་(Yoon Suk Yeol)་གནས་དབྱུང་གཏོང་བར་གྲོས་ཚོགས་ཀྱི་འཐུས་མི་སུམ་ཆའི་གཉིས་ཀྱི་རྒྱབ་སྐྱོར་དགོས་པ་མ་ཟད། རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་དགུ་ཡི་ཁྲོད་ཉུང་མཐའ་ཁྲིམས་དཔོན་དྲུག་གི་མོས་མཐུན་ཡོད་ན་ད་གཟོད་གནས་དབྱུང་གཏོང་ཐུབ་ཀྱི་ཡོད་པ་རེད། གོང་ཞུས་དམངས་གཙོ་ཚོགས་པ་གཙོས་པའི་ཕྱོགས་འགལ་ཚོགས་པ་གཞན་ཆུང་བ་ལྔ་ཡིས་མཉམ་འབྲེལ་ཐོག་བཏོན་པའི་གྲོས་འཆར་དེ་སྔ་ཤོས་རེས་གཟའ་པ་སངས་ཉིན་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་འདུག
དེ་མིན་སྲིད་འཛིན་གྱི་མཐོ་རིམ་བློ་འདོན་པ་དང་དྲུང་ཡིག་ཚོས་མཉམ་དུ་རྩ་དགོངས་ཞུས་ཡོད་པ་དང་། རྒྱལ་སྲུང་བློན་ཆེན་སོགས་བློན་ཆེན་རྣམ་པ་ཡང་རྩ་དགོངས་ཞུ་དགོས་པའི་འབོད་སྒྲའི་གནོན་ཤུགས་འོག་ཚུད་ནས་རྒྱལ་ཡོངས་སུ་བྱ་སྤྱོད་འདིར་བཟོད་སྒོམ་དཀའ་བའི་གནས་སུ་ལྷུང་ཡོད་པ་རེད།
དེའི་ཐད་ཚེས་༣ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གི་མཚན་ཐོག་ནས་སྤེལ་བའི་གསལ་བསྒྲགས་ནང་། ཨ་རིའི་ལྷོ་ཀོ་རི་ཡའི་ནང་བྱུང་བཞིན་པའི་གནད་དོན་ཐད་དོ་སྣང་བྱེད་བཞིན་པ་དང་། སྲིད་འཛིན་གྱི་དྲག་པོའི་ཁྲིམས་གཞི་བསྡམས་པའི་བཀའ་རྒྱ་ལ་གྲོས་ཚོགས་ནས་དགག་བྱ་གནང་རྗེས། སྲིད་འཛིན་(Yoon Suk Yeol)་གྱིས་ཡུལ་དེའི་རྩ་ཁྲིམས་ལྟར་དྲག་པོའི་ཁྲིམས་གཞི་ཕྱིར་འཐེན་བྱས་བར་དགའ་བསུ་བྱས་འདུག་ལ་དེ་བཞིན་ཨ་རིས་ལྷོ་ཀོ་རི་ཡའི་ནང་གི་ཆབ་སྲིད་འགལ་ཟླ་སེལ་ཐབས་ཐད་ཞི་བའི་ཐོག་ཐག་གཅོད་དང་མི་དམངས་ཀྱི་རེ་འདོད་ལ་གུས་བརྩི་ཡོད་པ་སོགས་བཀོད་འདུག
རེས་གཟའ་མིག་དམར་ཉིན་གྱི་དགོང་མོ་གློ་བུར་དུ་སྲིད་འཛིན་(Yoon Suk Yeol)་ཐག་གཅོད་བྱས་པའི་གཏམ་བཤད་ནང་། ཁོང་གིས་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་རྩ་མེད་བཟོ་རྒྱུ་ཡིན་པའི་དམ་བཅའ་བཞག་པ་དང་། རྒྱལ་ཡོངས་གྲོས་ཚོགས་ཀྱིས་གཞུང་གི་དཔོན་རིགས་གཙོ་བོ་དང་མཐོ་རིམ་ཁྲིམས་ཞིབ་པ་རྣམས་གོ་གནས་ནས་གནས་དབྱུང་གཏོང་རྒྱུའི་ཞུ་གཏུག་བྱེད་ཐབས་ལ་མུ་མཐུད་དུ་སྐྱོན་བརྗོད་བྱས་ཡོད་མོད། འོན་ཀྱང་དྲག་པོའི་ཁྲིམས་གཞིའི་བཀའ་རྒྱ་དེ་ཆུ་ཚོད་དྲུག་ཙམ་ལ་རྒྱུན་སྐྱོང་བྱས་རྗེས། གྲོས་ཚོགས་ཀྱིས་ཆོད་སློག་འོས་ཤོག་འཕངས་བར་བརྟེན་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ཡས་མས་སུ་དངོས་སུ་བཀའ་རྒྱ་དེ་རྩིས་མེད་བཏང་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།