རྒྱ་ནག་ནང་ཕྱི་རྒྱལ་གསར་འགོད་པའི་དཀའ་ངལ།

རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་མཁོ་སྒྲུབ་དང་གཏོང་སྤེལ་བྱེད་པར་དཀའ་ངལ་དེ་མུ་མཐུད་ཇེ་སྡུག་ཏུ་འགྲོ་བ།

2011-05-19
Share

༄༅༎རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་མཁོ་སྒྲུབ་དང་གཏོང་སྤེལ་བྱེད་པར་དཀའ་ངལ་ཡོད་མུས་ལ་བར་ལམ་ནས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གནས་ཚུལ་ཞིབ་འཇུག་པས་གསུང་ཡོད་པ་རེད།

རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་འབྲེལ་མཐུད་ལས་ཁང་གིས། རྒྱ་ནག་ནང་དུ་གནས་ཚུལ་གཏོང་སྤེལ་བྱེད་མཁན་ཕྱི་རྒྱལ་གསར་འགོད་པར་དཀའ་ངལ་ཇི་ལྟར་ཡོད་མེད་འདྲི་རྩད་བྱས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། སྐད་ཆ་འདྲི་ཡུལ་ཕྱི་རྒྱལ་གསར་འགོད་པ་བརྒྱ་ཆ་༧༠ ཡིས་ཁོང་ཚོར་གནས་ཚུལ་མཁོ་གྲུབ་བྱེད་པ་རང་དབང་མེད་པར་རྒྱ་ནག་གཞུང་གིས་གནོན་ཤུགས་དང་བརྙས་བཅོས་ཤོད་ཀྱི་ཡོད་པའི་དཀའ་ངལ་གསུང་ཡོད་པ་དང༌། ལྷག་པར་དུ་ཉེ་ཆར་དཀྱིལ་ཤར་ཡུལ་གྲུའི་དམངས་གཙོའི་ལས་འགུལ་གྱི་ཚ་རླབས་རྒྱ་ནག་ནང་དུ་སྤེལ་ཐབས་བྱེད་པའི་སྐབས་ཕྱི་རྒྱལ་གསར་འགོད་པས་དེའི་སྐོར་གྱི་གནས་ཚུལ་མཁོ་གྲུབ་བྱེད་ཐབས་བྱས་པར་རྒྱ་ནག་ཉེན་རྟོག་པས་བྱ་སྤྱོད་རྩུབ་པོའི་ཐོག་ནས་བཀག་འགོག་བྱས་ཏེ་ཕྱོགས་གཉིས་དབར་ལ་གདོང་ཐུག་གི་དོན་རྐྱེན་འཕྲད་པ་ནས་བཟུང་གསར་འགོད་པའི་ཐོག་དམ་བསྒྲཌ་བྱ་སྤྱོད་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད། གོང་གསལ་རྒྱ་ནག་ནང་དུ་ཡོད་པའི་ཕྱི་རྒྱལ་གསར་འགོད་འབྲེལ་མཐུད་ལས་ཁང་ནས་ལོ་ལྟར་བཞིན་སྙན་ཐོ་ཞིག་བཏོན་སྲོལ་ཡོད་པ་ལྟར་འདི་ལོའི་སྙན་ཐོའི་ནང༌བཀོད་པར་གཞིགས་ན། ཁོང་ཚོས་ཕྱི་རྒྱལ་གསར་འགོད་པ་༢༢༥ ཡོད་པ་ནས་༡༠༨ ལ་འདྲི་རྩད་བྱས་པའི་སྐབས་བརྒྱ་ཆ་༩༤ ཡིས། རྒྱ་ནག་ནང་གནས་ཚུལ་གཏོང་སྤེལ་གྱི་ལས་དོན་ཇེ་ཞན་ཇེས་སྡུག་ཏུ་འགྲོ་གི་ཡོད་པ་གསུང་ཡོད་པ་དང༌། བརྒྱ་ཆ་༧༠ ཐམ་པས། གསར་འགོད་པའི་ཐོག་བརྙས་བཅོས་དང་རྩུབ་སྤྱོད་ལག་བསྟར་བྱས་པའི་སྐོར་གསུང་ཡོད་པ་རེད། དེ་རིང་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་ཁྲོད་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིའང་ཡུའུ་Jiang Yu ལ་ཞིབ་འཇུག་གི་སྙན་ཐོའི་ནང་དོན་དེའི་ཐད་སྐད་ཆ་དྲིས་པའི་སྐབས། ཞིབ་འཇུག་ལས་ཁང་དེ་ནི་ཁྲིམས་མཐུན་ཞིག་མ་ཡིན་པ་དང༌། རྒྱ་ནག་ནང་དུ་གསར་འགོད་རང་དབང་གི་གནས་སྟངས་ནི་མུ་མཐུད་ཡར་རྒྱས་ཕྱོགས་སུ་བསྐྱོད་མུས་ཡིན་ཞིང༌། གལ་ཏེ་ཕྱི་རྒྱལ་གསར་འགོད་པ་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་ཚེ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགྱུར་ཚན་པས་རོགས་རམ་བྱ་འདོད་ཡོད་ལ་དཀའ་ངལ་དེ་སེལ་ཐབས་ཀྱི་འགན་འཁུར་ཡོད་པ་རེད་ཅེས་བཤད་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།