ཐེ་ཝན་གྱིས་རྒྱལ་སྲུང་སྔོན་རྩིས་འགྲོ་གྲོན་འཕར་མ་ཨ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་དྲུག་ཟུར་འཇོག་བྱས་འདུག

ཐེ་ཝན་གྲོས་ཚོགས་ཀྱིས་འདི་ཚེས་༡༡་རེས་གཟའ་མིག་དམར་ཉིན་རྒྱལ་སྲུང་སྔོན་རྩིས་འགྲོ་གྲོན་འཕར་མ་ཨ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་དྲུག་ཟུར་འཇོག་བྱེད་རྒྱུའི་གྲོས་གཞིར་མོས་མཐུན་བྱུང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གི་ཕྱོགས་ནས་ཉིན་རེ་བཞིན་ཐེ་ཝན་ལ་དམག་འཐབ་ཀྱི་ཉེན་ཁ་ཡོང་བཞིན་པ་དེར་འགོག་རྒོལ་ནུས་པ་ཐོན་ཆེད་ཡིན་འདུག
རྒྱ་ནག་གི་འཐབ་འཛིང་གནམ་གྲུ་ན་ནིང་ལོར་སྔོན་བྱུང་མ་མྱོང་བའི་ཚད་ཐིག་དང་བརྒལ་ནས་མཁའ་དབྱིངས་ཀྱི་འགོག་སྲུང་ས་ཐིག་དང་བརྒལ་འཕུར་བསྐྱོད་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༢་ལོ་ནས་བཟུང་ལོ་ལྔའི་དམིགས་བསལ་རྒྱལ་སྲུང་སྔོན་རྩིས་འགྲོ་གྲོན་ཐེ་ཝན་སྒོར་མོ་ཐེར་འབུམ་༢༣༧་དགོས་པའི་གྲོས་འཆར་བཏོན་ཡོད་པ་རེད།
དམངས་གཙོའི་ལམ་ལུགས་ཡོད་པའི་ཐེ་ཝན་ཐོག་རྒྱ་ནག་གཞུང་གིས་ནམ་རྒྱུན་འཇིགས་སྐུལ་བྱེད་བཞིན་པ་མ་ཟད། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་དེ། ནམ་ཞིག་དགོས་ངེས་དུས་སུ་དྲག་ཆས་བེད་སྤྱོད་གཏོང་སྲིད་པ་བརྗོད་བཞིན་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ཚའེ་དབྱིན་ཝུན་གྱིས་ཕྱི་ལོ་༢༠༡༦་ལོར་ཐེ་ཝན་གྱི་སྲིད་འཛིན་གྱི་ལས་འགན་ཁུར་བ་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཐོག་རྒོལ་རྡུང་ཇེ་ཆེར་བཏང་ཡོད་ཀྱང་། ལྕམ་ཚའེ་དབྱིན་ཝུན་གྱིས་ཐེ་ཝན་གླིང་ཕྲན་ནི་བདག་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་ཅིག་ལས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།