ཐེ་ཝན་གྱི་འོས་བསྡུའི་རྗེས་རྒྱ་ནག་གིས་ཐེ་ཝན་ལ་རང་བཙན་གྱི་ལས་འགུལ་སྤེལ་བ་ཡིན་ན་དེར་མཇུག་འབྲས་ཚབས་ཆེན་ཡོང་རྒྱུའི་ཉེན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་(wang yi)་ཀྱིས་འདི་ཚེས་༡༤ཉིན་ཁེ་རོའི་ནང་ཨི་ཇེབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་ཟུང་སྦྲེལ་གྱི་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་གནང་བའི་སྐབས་། ཐེ་ཝན་ནང་འོས་བསྡུའི་འགྲུབ་འབྲས་ག་འདྲ་ཞིག་ཐོན་ཡོད་རུང་རྒྱ་ནག་གཅིག་གི་འོག་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་དངོས་ཡོད་གནས་སྟངས་ལ་སུས་ཀྱང་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ལ། ཐེ་ཝན་ལོགས་སུ་རང་བཙན་བྱེད་རྒྱུའི་ལས་འགུལ་སྤེལ་བ་ཡིན་ན། དེ་ནི་ཁ་བྲལ་གྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད་ལ་དེ་ཚོར་ཁྲིམས་དང་ལོ་རྒྱུས་གཉིས་ཀའི་ཐོག་ནས་ཉེས་པ་ཆེན་པོ་ཕོག་རྒྱུ་མ་གཏོགས་ཡོད་མ་རེད། ཐེ་ཝན་ལོགས་སུ་རང་བཙན་རྒྱལ་ཁབ་དེ་སྔ་ཡང་མ་རེད་ལ་མ་འོངས་པར་ཡང་ཡོང་ཐབས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག
ཐེ་ཝན་རང་བཙན་གྱི་ཕྱོགས་ལ་ལངས་ཕྱོགས་འཛིན་མཁན་(Lai Ching-te)་ལགས་སུ་འདི་ཚེས་༡༣ཉིན་ཡུལ་དེའི་སྲིད་འཛིན་གྱི་འོས་འདེམས་རྒྱལ་ཁ་ཐོབ་པའི་རྗེས་སུ། ཨ་རིའི་སྲིད་འཛིན་(Biden)་མཆོག་ལ་གསར་འགོད་པ་ཚོས་གནས་འདྲི་ཞུ་སྐབས། ཁོང་གིས་ཨ་རིའི་ངོས་ནས་ཐེ་ཝན་གླིང་ཕྲན་གྱི་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་གནང་རྒྱུ་ཡིན། འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པའི་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་(William Lai)་ལགས་སུ་འཚམས་འདྲི་ཡོད། ཡིན་ན་ཡང་ང་ཚོས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་ལན་འདེབས་གནང་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)་མཆོག་གིས་རེས་གཟའ་སྤེན་པའི་ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐེ་ཝན་ནང་གནད་འགག་ཆེ་བའི་རྒྱལ་ཡོངས་འོས་བསྡུ་བྱས་པ་བརྒྱུད་(Lai Ching-te)་ལགས་སུ་སྲིད་འཛིན་གྱི་འོས་འདེམས་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ་མ་ཟད། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་དང་ཕྱོགས་ལྷུང་མེད་པའི་འོས་བསྡུའི་བརྒྱུད་རིམ་ལ་བསྔགས་བརྗོད་གནང་བ་དང་། ཨ་རིས་ཐེ་ཝན་གྱི་མཚོ་ཁུལ་དུ་ཞི་བདེ་དང་བརྟན་བརླིང་རྒྱུན་འཛིན་གནང་རྒྱུའི་ཆོད་སེམས་བརྟན་པ་ཡོད་པ་དང་། ཐེ་ཝན་དང་རྒྱ་ནག་སྐམ་ས་ཕྱོགས་ཕན་ཚུན་གཉིས་བར་གྱི་མ་མཐུན་པའི་གནད་དོན་ཁག་འཚེ་མེད་ཞི་བའི་ཐབས་ལམ་དང་གནོན་ཤུགས་དང་བཙན་ཤེད་མེད་པའི་ཐོག་ནས་སེལ་དགོས་པའི་འབོད་སྐུལ་ཡང་གནང་འདུག་ལ་ཨ་རིའི་འཚམས་འདྲི་དེར་རྒྱ་ནག་གཞུང་གི་ངོས་ནས་མི་འདོད་པའི་རྣམ་འགྱུར་བསྟན་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་གསར་འགོད་ལྷན་ཚོགས་སྐབས། ཐེ་ཝན་ལོགས་སུ་རང་བཙན་རྩོད་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཚོ་ནི་ཐེ་ཝན་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་མི་མང་ཚོ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཉེན་ཁ་བཟོ་གཞིའི་བྱ་སྤྱོད་ཞིག་རེད་ལ་དེས་མཚོ་འགག་གཉིས་ཀྱི་ཞི་བདེ་གཏན་བརླིང་ལའང་དོ་ཕོག་འགྲོ་གཞི་ཞིག་རེད་ཅེས་འགྲེལ་བརྗོད་བྱས་པ་སོགས། ཉིན་ཤས་གོང་རྒྱ་ནག་གིས་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་(Lai Ching-te)་ལ་འོས་བླུགས་མི་འོས་བ་དངོས་ཤུགས་རྒྱུད་གསུམ་ནས་ཐབས་ཤེས་བྱས་ཡོད་ཀྱང་མཐའ་དོན་དམངས་གཙོའི་ལམ་སྲོལ་ལྟར་ཁོང་ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གིས་རྒྱུན་དུ་ཐེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཞིག་ཡིན་པ་དང་། སྔ་ཕྱི་མ་གཏོགས་སྐམ་ས་ཆེན་པོ་དང་ཟླ་བསྒྲིལ་གཏོང་རྒྱུ་ཡིན་ལུགས་དང་། རྒྱལ་སྤྱིའི་ངོས་ནས་ཐེ་ཝན་ལོགས་སུ་རང་བཙན་ཡིན་པའི་ངོས་འཛིན་བྱས་པ་ཡིན་ན་དེ་དང་མཉམ་དུ་རྒྱ་ནག་གི་འབྲེལ་བ་མཚམས་འཇོག་བྱེད་རྒྱུ་ཡིན་ལུགས་བཤད་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།
ཐེ་ཝན་གྱི་སྐབས་བཅུ་དྲུག་པའི་སྲིད་འཛིན་བགྲེས་གཞོན་གྱི་འོས་བསྡུ་དང་། དེ་བཞིན་སྐབས་བཅུ་གཅིག་པའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་༢༠༢༤་ལོའི་ཕྱི་ཟླ་༡ཚེས་༡༣ཉིན་གནང་སྟེ་ཐེ་ཝན་དམངས་གཙོ་ཡར་ཐོན་ཆབ་སྲིད་ཚོགས་པའི་འོས་མི་(Lai Ching-te)་ལ་འོས་གྲངས་བརྒྱ་ཆ་༤༠ལྷག་ཙམ་དང་། རྒྱ་ནག་དང་སེམས་ཐག་ཉེ་བའི་གོ་མིན་ཏང་གི་འོས་མི་(Hou Yu-ih)་ལ་བརྒྱ་ཆ་༣༣།༥ ཐེ་ཝན་མི་མང་ཆབ་སྲིད་ཚོགས་པར་འོས་གྲངས་བརྒྱ་ཆ་༢༦།༥བཅས་ཐོབ་སྟེ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མིར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།
བདམས་ཐོན་སྲིད་འཛིན་གསར་པ་(Lai Ching-te)་ཡིས་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་མ་ཐག་རྒྱལ་ཁའི་གསུང་བཤད་གནང་པའི་ནང་གཙོ་བོ་དོན་ཚན་གསུམ་ཟུར་འདོན་གནང་བའི་ནང་། མང་གཙོའི་རིང་ལུགས་དང་མི་གཅིག་སྲིད་དབང་རིང་ལུགས་གཉིས་ནས་ང་ཚོས་དམངས་གཙོའི་རིང་ལུགས་བདམས་པ་དང་། ཐེ་ཝན་གྱིས་མུ་མཐུད་ནས་རྒྱལ་སྤྱིའི་དམངས་གཙོའི་མཐུན་གྲོགས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ངང་བསྐྱོད་རྒྱུ་ཡིན་ཞེས་བསྒྲགས་པ་དང་ཆབས་ཅིག ང་ཚོས་ཐེ་ཝན་གྱི་སྲིད་འཛིན་ཐེ་ཝན་མི་མང་གིས་འདེམས་རྒྱུར་ཡིད་ཆེས་ཡོད་པ་བཞིན། ཐེ་ཝན་གྱིས་ཕྱི་ཕྱོགས་ནས་ཐེ་ཇུས་ལ་འགོག་རྒོལ་བྱ་རྒྱུ་ཡིན་པ་དང་། ད་ལྟའི་ཐེ་ཝན་གྱི་སྲིད་བྱུས་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་མིན་ཞེས་བརྗོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།