ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག

2024.05.20
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་འདུག ཐེ་ཝན་གྱི་སྲིད་འཛིན་གསར་པ་(Lai Ching-te)་ལགས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། ༠༥།༢༠།༢༠༢༤
AP

དེ་ཡང་འདི་ཚེས་༢༠གཟའ་ཟླ་བ་ཉིན་ཐེ་ཝན་གྱི་ཐེངས་༡༦པའི་སྲིད་འཛིན་གསར་པ་(Lai Ching-te)་ཡོངས་གྲགས་སུ་ཝི་ལེམ་ལའེ་(William Lai)་ལགས་དང་སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། གཞུང་འབྲེལ་གདན་ཞུ་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁྲོད། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་བཅས་བོད་མིའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་མཉམ་ཞུགས་གནང་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད། ཐེ་ཝན་དང་བོད་གཉིས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་བསྡུས་དབང་འཛིན་འོག་ཞེད་སྣང་། གནོན་ཤུགས། དྲག་སྤྱོད། ས་མཚམས་བརྒལ་བའི་འཇིགས་སྐུལ་བཅས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་བཞིན་མི་མང་གིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མཁན་ཡིན་དུས། མང་གཙོ་གོང་འཕེལ་བྱུང་བར་འདིར་ཐེ་ཝན་མི་མང་དང་མཉམ་དུ་མང་གཙོའི་དགའ་སྟོན་ལ་རོལ་བཞིན་ཡོད། གཞན་ཡང་ད་རེས་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་སླར་གསོ་གནང་བཞིན་ཡོད་པ་དང་། བོད་དང་ཐེ་ཝན་གྱིས་གདོང་ལེན་བྱེད་ས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆགས་ཡོད་དུས། ང་ཚོས་དཀའ་ངལ་ལ་གདོང་ལེན་དང་ཐུན་མོང་མཉམ་ལས། མང་གཙོའི་ལེགས་ཆ་ལེན་རེས། མ་འོངས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་བྱེད་འཆར་ཡོད་པ་གསུངས་བྱུང་།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ད་རེས་འདིར་ཆེད་དུ་ཐེ་ཝན་གྱི་གཞུང་གསར་བར་འཚམས་འདྲི་ཞུ་ཆེད་བཅར་ཡོད་པ་གསུངས་བྱུང་།
taiwan-tib-mp.jpg
ཐེ་ཝན་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་མཛད་སྒོར་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་སྐབས། ༠༦།༢༠།༢༠༢༤ པར། CTA
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ད་རེས་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཐུབ་པ་བྱུང་བ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དོན་དག་གལ་ཆེན་ཞིག་རེད། འདིས་བོད་དང་ཐེ་ཝན་གཉིས་ཀྱི་མཉམ་ལས་དང་འབྲེལ་ལམ་བཟང་དུ་འགྲོ་བཞིན་པ་མཚོན་ཐུབ་པ་གསུངས་བྱུང་།
ཡང་ད་རེས་མཛད་སྒོའི་ཐོག་ཐེ་ཝན་ནང་གི་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་(Human Rights Network for Tibet and Taiwan)་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་ད་རེས་ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་འཁུར་དམ་འབུལ་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཐུབ་པར་དགའ་བོ་བྱུང་། ཐེ་ཝན་མི་མང་གིས་མང་གཙོའི་ལམ་སྲོལ་ལོངས་སུ་སྤྱད་ནས་རང་གི་འགོ་ཁྲིད་བདམས་ནས་དགའ་སྟོན་བྱེད་བཞིན་པ་འདི་ལྟར། མ་འོངས་བར་བོད་དང་རྒྱ་ནག་ནང་མི་མང་ལ་རང་གི་འགོ་ཁྲིད་འདེམས་པའི་རང་དབང་ཡོད་པའི་མང་གཙོ་འཕེལ་རྒྱས་ཡོང་བའི་རེ་བ་བྱེད་བཞིན་པ་གསུངས་བྱུང་།
ཐེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་དམ་འབུལ་མཛད་སྒོ་མ་ཚོགས་པའི་ཉིན་གཅིག་གོང་སྟེ། སྤྱི་ཟླ་༥་པའི་ཚེས་༡༩རེས་གཟའ་ཉི་མའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་སྲིན་འཛིན་གཞོན་པ་ལྕམ་(Hsiao Bi-Khim)་ལགས་དང་དངོས་སུ་མཇལ་འཕྲད་གནང་ཐུབ་པ་བྱུང་སྟེ། ཆུ་ཚོད་ཕྱེད་ཀའི་རིང་བོད་དོན་ཐད་བཀའ་མོལ་གནང་བ་དང་བོད་དོན་ཐད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་དེབ་ཐོག་གནས་ཚུལ་བཀོད་འདུག
444135550_890262863145400_2156284665657898553_n.jpg
ཐེ་ཝན་གྲོས་ཚོགས་སྐབས་༡༡པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་པའི་མཛད་སྒོ ༠༥།༢༠།༢༠༢༤ པར། Tibetan Parliament-in-Exile
ཐེ་ཝན་གྱི་སྲིད་འཛིན་གསར་པ་(Lia Ching-te)་ལགས་ཀྱིས་མཛད་འཁུར་དམ་བཅའ་བཞེས་པའི་མཛད་སྒོ་དེ་ཐེ་ཝན་གྱི་དབུས་སུ་ཡོད་པ་དེ་སྔ་ཉི་ཧོང་གིས་དབང་བསྒྱུར་བྱས་པའི་དུས་སྐབས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་མདུན་དུ་ཚོགས་སྐབས་གཏམ་བཤད་གནང་བའི་ནང་། ངའི་ངོས་ནས་རྒྱ་ནག་གཞུང་ལ། ཆབ་སྲིད་དང་དམག་དོན་གྱི་ཐོག་ནས་ཐེ་ཝན་ལ་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། ཐེ་ཝན་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགན་འཁྲི་འཁུར་ཏེ་ཐེ་ཝན་མཚོ་འགག་ཕར་ཕྱོགས་དང་མངའ་ཁུལ་དུ་ཞི་བདེ་བརྟན་བརླིང་རྒྱུན་གནས་ཡོང་ཐབས་བྱེད་དགོས། འཛམ་གླིང་ནང་དམག་འཁྲུག་འབྱུང་བའི་འཇིགས་སྣང་མེད་པར་ཁག་ཐེག་བྱེད་ཆེད་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ཐེ་ཝན་གྱིས་མང་གཙོ་དང་རང་དབང་བློས་གཏོང་བྱ་རྒྱུ་མིན་པ་དང་། ཞི་བདེ་ནི་འདམ་ཀ་ཉག་གཅིག་ཡིན་ལ། རྒྱ་ནག་གཞུང་ཕྱོགས་ནས་ཐེ་ཝན་མང་ཚོགས་ཀྱི་འདམ་ཀར་བརྩི་བཀུར་ཞུ་དགོས་ཀྱི་རེད། ཕུགས་ཀྱི་ཞི་བདེ་དང་བརྟན་བརླིང་གི་ཆེད་དུ་ང་ཚོའི་དམིགས་ཡུལ་ནི་བདེ་སྐྱིད་གོང་འཕེལ་གཏོང་རྒྱུ་ཡིན་པ་འཛམ་གླིང་ལ་རྒྱུད་བསྒྲགས་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ད་དུང་ཁོང་གིས་རྒྱ་ནག་དང་མཉམ་དུ་གྲོས་མོལ་གནང་རྒྱུའི་སྐོར་ཡང་སེ་གསུངས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་མང་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་དེ་བཞིན་རྒྱ་ནག་གི་མངའ་ཁོངས་ས་ཁུལ་ཡིན་པ་ངོས་འཛིན་བྱེད་པ་མ་ཟད། དྲག་པོའི་ཐོག་ནས་ཐེ་ཝན་རྒྱ་ནག་གིས་དབང་བསྒྱུར་བྱ་རྒྱུའི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་ཐེ་ཝན་སྲིད་འཛིན་གྱི་གཏམ་བཤད་ཐད་ད་ལྟའི་ཆར་ལན་འདེབས་གང་ཡང་ཐོན་མེད་ནའང་། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཡིས་ཐེ་ཝན་གྱི་ནང་ཁུལ་ཆབ་སྲིད་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་རྒྱུ་མིན་ལུགས་བརྗོད་དེ། ཐེ་ཝན་རང་བཙན་ཕྱོགས་སུ་བསྐྱོད་ཐབས་འབད་བརྩོན་བྱེད་བཞིན་པ་དེར་ཉེན་ཁ་ཡོད་པའི་བརྡ་བསྟན་འདུག
༢༠༢༤ཕྱི་ཟླ་༡ཚེས་༡༤ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཐེ་ཝན་གྱི་བདམས་ཐོན་སྲིད་འཛིན་གསར་པར་འཚམས་འདྲིའི་གསུངས་འཕྲིན་སྩལ་བའི་ནང་། ད་རེས་ཐེ་ཝན་ནང་མང་གཙོའི་ལམ་ནས་འོས་བསྡུ་གནང་པ་དེས་རང་དབང་དང་ཆེ་མཐོང་གིས་འཚོ་འདོད་མཁན་ཡོངས་ལ་སྙིང་སྟོབས་སྐྱེས་གཞི་ཆགས་ཡོད་པ་བཀའ་སྩལ་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་གསར་བ་(Lai Ching-te)་ལགས་དང་སྲིད་འཛིན་གཞོན་པ་(Hsiao Bi-Khim)་ལགས་རྣམ་གཉིས་ནི། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མྱོང་མཁན་ཞིག་ཡིན། སྲིད་འཛིན་གཞོན་པ་ལྟ་བུར་མཚོན་ན་དེ་སྔ་བོད་དོན་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་ཡོད་ལ། དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་ཡུལ་དེའི་གྲོས་ཚོགས་ནང་གདན་ཞུ་གནང་མཁན་གྲས་ཡིན།
ཐེ་ཝན་གྱི་སྲིད་འཛིན་(Lai Ching-te)་ལགས་སྤྱི་ལོ་༡༩༥༩ལོའི་ཟླ་༡༠བའི་ཚེས་༦ ཉིན་ཐེ་པའེ་རྫོང་གི་བྱང་ཁུལ་དུ་རྡོ་སོལ་སྔོག་འདོན་བྱེད་མཁན་གྱི་ཁྱིམ་ཚང་ཕལ་བ་ཞིག་ཏུ་སྐྱེས་ཤིང་། རིམ་པས་ཐེ་པའེ་གྲོང་ཁྱེར་གྱི་སློབ་གྲྭ་ནས་ཨ་རིའི་(Harvard)་གཙུག་ལག་སློབ་ཆེན་དུ་འཕྲོད་བསྟེན་ཐོག་ལ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་རྗེས། ཁོང་ནི་སྨན་པ་ཡིན་ལ་ཐེ་ཝན་གྱི་སྲིད་དོན་པ་གཙོ་གྲས་ཞིག་ཆགས་ཡོད།


གསར་འགོད་པ། གཡུ་སྒྲོན། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་གིས་རྒྱུན་གྲོན་མ་དངུལ་མཚམས་འཇོག་བྱས་རྐྱེན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་མང་ཆེ་བ་གནས་སྐབས་ཕོགས་མེད་ལས་མཚམས་འཇོག་དགོས་བྱུང་ཡོད།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎