བོད་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་མིའི་རྒྱུད་རྒྱུ་བསྡུ་ལེན་བྱེད་བཞིན་པའི་སྙན་ཐོ།

2020-09-30
གློག་འཕྲིན།
མཆན།
Share
པར་བཀོད།
<<བོད་ནང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་>>་༢༠༢༠ལོའི་དམིགས་བསལ་སྙན་ཐོའི་མདུན་ཤོག
<<བོད་ནང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་>>་༢༠༢༠ལོའི་དམིགས་བསལ་སྙན་ཐོའི་མདུན་ཤོག
TCHRD

རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར། ད་དུང་མིའི་རྒྱུད་རྒྱུ་བསྡུ་ལེན་བྱས་བ་སོགས་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་བཏོན་ནས་གསལ་སྟོན་བྱས་འདུག
ཟླ་དགུ་བའི་ཚེས་༣༠ཉིན། རྒྱ་གར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། <<བོད་ནང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་>>་ཞེས་ཕྱི་ལོ་༢༠༢༠ལོའི་དམིགས་བསལ་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་ཉིན་མཚན་མེད་པར་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་དང་བརྒྱུད་ལམ་ཞིབ་བཤེར་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་ཡོད་པ་གསལ་སྟོན་གནང་བ་དང་། སྙན་ཐོའི་ནང་རྒྱ་གཞུང་གིས་བོད་ནང་མང་ཚོགས་ཡོངས་སུ་རྫོགས་པར་དོགས་ཟོན་མྱུལ་ཞིབ་རྒྱ་ཆེར་བྱས་བའི་དབང་གིས། ད་སྐབས་བོད་ཕྱི་ནང་གི་བོད་མི་ཚོས་ཕན་ཚུན་བར་དོགས་ཟོན་བྱེད་དགོས་བའི་གནས་སྟབས་བཟོས་ཡོད་པ་དང་། “དྲ་མིག་ཅན་གྱི་དོ་དམ”དང“གཉིས་ལྡན་དུད་སྦྲེལ”ཟེར་བ་སོགས་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས། བོད་མི་ནང་ཁུལ་ཕན་ཚུན་བར་ལྐོག་ཉན་ལྐོག་ཞུ་དང་ཕན་ཚུན་གཡོ་བཙོང་མ་བྱས་ན་མཇུག་འབྲས་ཚབས་ཆེན་འཁུར་དགོས་པའི་འགན་འཁྲི་བཀོད་ཁྱབ་བཏང་ནས། ཕྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིར་བོད་ལ་ཕེབས་སུ་འཇུག་དགོས་པའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་བོད་ནང་དམ་དྲག་སྟངས་འཛིན་ཤུགས་ཆེར་བྱས་ནས། ཞི་རྒོལ་ལས་འགུལ་དེའི་རིགས་ཡང་བསྐྱར་འབྱུང་མི་ཐུབ་པ་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༢ལོ་ནས་དམར་ཤོག་སྲིད་གཞུང་གིས་སྤྱི་ཚོགས་སྟངས་འཛིན་དོ་དམ་བྱེད་ཐབས་ཤུགས་ཆེ་རུ་བཏང་ནས། བོད་ནང་ལོགས་ཀྱི་དངོས་ཡོད་གནས་སྟངས་ཕྱི་ནང་གཉིས་ནས་མཐོང་ཐོས་མེད་པ་བཟོས་ཤིང་། བཙན་དབང་གིས་བོད་རྒྱ་བསྒྱུར་བྱེད་ཐབས་ཤུགས་ཆེར་བཏང་དང་གཏོང་བཞིན་པ་སོགས་བཀོད་འདུག
ད་དུང་སྙན་ཐོའི་ནང་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་ལག་བསྟར་བྱས་པ་དང་མཉམ་དུ། མིའི་རྒྱུད་རྒྱུ་(DNA)་འབོར་ཆེན་བསྡུ་ལེན་བྱས་ཏེ། རྒྱ་ནག་ནི་དོགས་ཟོན་མྱུལ་ཞིབ་ཀྱི་ཚན་རྩལ་སྔོན་ཐོན་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཐབས་བྱས་ཡོད་པ་དང་། ཉེན་རྟོག་པས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མིང་ཐོག་ནས། ཆབ་མདོ་གྲོང་ཁྱེར་ནང་མིའི་རྒྱུད་རྒྱུ་བསྡུ་ལེན་དང་འབྲེལ་བའི་ལས་གཞིའི་མ་ལག་བཙུགས་རྗེས། ཕྱི་ལོ་༢༠༡༩ཚེས་༦པའི་ནང་རྒྱ་གཞུང་གིས་ཚོད་ལྟའི་ཚུལ་དུ་ཆབ་མདོ་ས་ཁུལ་གྱི་ཡུལ་མིའི་རྒྱུད་རྒྱུ་བསྡུ་ལེན་བྱས་ཡོད་པ་དང་། ཆབ་མདོ་ནི་མི་འབོར་༦༥༧༥༠༥ཟིན་པའི་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གསུམ་པ་ཡིན་ཞིང་། མིའི་རྒྱུད་རྒྱུ་བསྡུ་ལེན་གྱི་ལས་གཞི་དེའི་ནང་དུ་སྲིད་གཞུང་གི་སྡེ་ཁག་རིམ་པ་དང་། དགོན་སྡེ་ཁག ཞིང་འབྲོག་གི་སྤྱི་ཚོགས་ཁག་ཚང་མ་བཅུག་ནས། ཡུལ་མི་ཚོའི་མཛུབ་རྗེས་དང་། ཁྲག་རིགས། མིག་རིས་སོགས་བསྡུ་ལེན་བྱས་ཡོད་འདུག
སྙན་ཐོའི་ནང་གནས་ཚུལ་དང་འབྲེལ་ཡོད་ཁུངས་སྐྱེལ་ཡིག་ཆ་དང་གནས་ཚུལ་དཔང་རྟགས་བསྟན་པ་གཅིག་ནི། དེ་སྔ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནས་ཡིན་པའི་བོད་མི་ཞིག་ཕྱི་ལོ་༢༠༡༦ལོར་ཕྱིར་ཕ་ཡུལ་དུ་གཉེན་འཕྲད་དུ་ཕྱིན་སྐབས། དང་ཐོག་ནས་ཞིང་ཆེན་རིམ་པའི་འཐབ་ཕྱོགས་གཅིག་གྱུར་ཁང་སོང་ནས་ཁོང་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པའི་གནས་ཚུལ་ཡར་ཞུ་དགོས་པ་དང་། དེ་ནས་འདྲི་རྩད་རིམ་པ་བྱས་རྗེས་རྒྱ་གཞུང་གི་ལས་བྱེད་ཚོས་ཁོང་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་བཞི་བ་ཞིག་སྤྲད་ནས་ཕ་ཡུལ་དུ་བསྡད་རིང་ཁ་པར་དེ་བེད་སྤྱོད་བྱེད་དགོས་བ་ལས་ཁོ་རང་སྒེར་གྱི་ལག་འཁྱེར་ཁ་པར་ལ་སྔོག་བཤེར་བྱས་ནས་བེད་སྤྱོད་མི་ཆོག་པ་བཟོས་འདུག མ་ཟད་ཁོས་ཕ་ཡུལ་གྱི་མཛེས་ལྗོངས་ཁོར་ཡུག་བརྙན་པར་དུ་བླངས་མི་ཆོག་པ་དང་། ཕ་ཡུལ་གྱི་གནས་ཚུལ་རྒྱ་གར་གྱི་བོད་མིར་བཤད་མི་ཆོག་པ་གསལ་བཤད་བྱས་འདུག རྗེས་སུ་ཁོང་ལ་སྤྲད་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཐོན་རིམ་བཞི་བ་དེའི་ནང་དུ་མྱུལ་ཞིབ་ཀྱི་མཉེན་ཆས་ནང་འཇུག་བྱས་ཡོད་པས་རང་འགུལ་གྱིས་བརྙན་ལེན་དང་སྒྲ་འཇུག་བྱེད་པ་དང་། དེ་ལ་བརྟེན་ནས་རྒྱ་གཞུང་གི་ལས་བྱེད་ཚོས་ཁོང་གར་སོང་གང་འདུག་ལ་རྗེས་འདེད་བཏང་དང་ལྟ་རྟོག་བྱས་ཡོད་པ་རྗེས་ནས་ཤེས་རྟོགས་བྱུང་ཡོད་པ་འཁོད་འདུག
མཐར་རྒྱ་གཞུང་གིས་བོད་མི་ཚོར་བཙན་གྱིས་རང་བཤེར་བྱེད་དུ་འཇུག་པ་དང་། བོད་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཅིག་པུ་ཙམ་མིན་པར། རྒྱ་ནག་རྒྱལ་ཡོངས་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡང་ཤུགས་རྐྱེན་ཡོང་བཞིན་པ་དང་། དེ་ནི་རྒྱ་གཞུང་གི་དབང་ཤུགས་རྒྱ་བསྐྱེད་ཐབས་ཀྱི་བརྒྱུད་ལམ་ལ་བརྟེན་ནས་བྱུང་བའི་ཐ་ཚིག་བསྒྲགས་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག མཉམ་འབྲེལ་ཚོགས་སྡེ་དང་མི་སྒེར་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་མི་སྒེར་སོ་སོའི་རང་དབང་ཐོབ་ཐང་གི་རིན་ཐང་ལྟ་ཚུལ་དང་། དེ་འབྲེལ་གྱི་བློ་འཚབ་ཅི་བྱུང་གསལ་སྟོན་གྱིས། ཁྱབ་ཆེར་ཤུགས་ཆེར་སྤེལ་བཞིན་པའི་རྒྱ་གཞུང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་ལ་འགོག་རྒོལ་གནང་བའི་སྐུལ་འདེབས་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།