བཀའ་ཁྲིས་བོད་ནང་གི་བོད་མིའི་གནས་སྟངས་ངོ་སྤྲོད།

བཀའ་ཁྲི་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་བོད་ནང་གི་བོད་མིའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ།

༄༅༎རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་བོད་ནང་དུ་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་གནས་བབ་དེའི་སྐབས་ཕྱི་ཟླ་བཅིུག་པའི་ཚེས་༣ རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཀྲོམ་ལེན་ཀྲོ་སེ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་བོད་ནང་གི་བོད་མིའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།
ཀྲོམ་ལེན་ཀྲོ་སི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་རྩ་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཀྲོམ་ལེན་ཀྲོ་སི་དགོངས་པ་རྫོགས་པའི་རྗེས། ཁོང་གི་མཚན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཚུང་དེ་གསར་འཛུགས་གནང་བ་ཞིག་ཡིན་ཞིང༌། སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་སྐུ་ཞབས་ཀྲོམ་ལེན་ཀྲོ་སི་ནི་ང་ཚོ་བོད་མི་ཚོའི་སེམས་ནང་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པ་དང༌། ཨ་རིའི་གྲོས་ཚོགས་དང་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བའི་གནས་ཚུལ་དྲན་སྐུལ་དང༌། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་། བོད་ཀྱི་ཁོར་ཡུག་གི་གནས་སྟངས། བཙན་བྱོལ་ནང་དམངས་གཙོའི་ལམ་ལུགས་འཕེལ་རིམ། འཛིན་སྐྱོང་དང་ཤེས་ཡོན་ངོ་སྤྲོད་གནང་ཡོད། འདི་ལོ་བཙན་བྱོལ་ནང་གི་ལོ་རྒྱུས་དོན་སྙིང་ལྡན་པའི་དམངས་གཙོའི་འཕེལ་རིམ་དེ་ཡིས་བོད་མི་ཁོ་ན་མ་ཡིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཚོར་ཡིད་སྨོན་སྐྱེས་དགོས་པ་ཞིག་བྱུང་ཡོད་། དམངས་གཙོའི་གྲུབ་འབྲས་དེ་ཡིས་རྒྱ་ནག་གཞུང་ལ་དམིགས་བསལ་གོ་བརྡ་སྤྲད་ཡོད་པ་ནི། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ཞུགས་པའི་སྐབས་བོད་ཀྱི་འཐབ་རྩོད་འཇའ་ལྟར་ཡལ་འགྲོ་གི་ཡོད་པའི་ཚོད་རྩིས་བྱེད་ཀྱི་ཡོད་ཀྱང་མི་རབས་གཞོན་པ་ཚོས་མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུ་ཡིན་པ་ནི་ར་སྤྲོད་བྱས་པ་དང༌། རྒྱ་ནག་གཞུང་གི་ཚོད་རྩིས་དེ་དུས་ནམ་ཡང་ལམ་ལྷོང་ཡོང་གི་མ་རེད་ཅེས་དང༌། དམིགས་བསལ་ད་རེས་ལྷན་ཚོགས་དེའི་ནང་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་དབང་བསྒྱུར་དང་དྲག་གནོན་འོག་རང་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཡོངས་ཐབས་བྱེད་བཞིན་ཡོད་པ་དང༌། བཙན་བྱོལ་རང་དབང་ཡུལ་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org