༄༅༎དེ་རིང་ ཐའི་ལེན་ཌ་ ཡི་སྲིད་བློན་གྱིས་རྒྱ་ནག་གི་ ཨོ་ལིམ་པིཀ་ རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་ལས་འགུལ་འགོག་ཐབས་ཀྱི་སྲུང་སྐྱོབ་ལས་དོན་དམ་དྲག་ཆེན་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
རྒྱ་ནག་གི་ ཨོ་ལིམ་པིཀ་ དཔལ་འབར་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྤྲོད་ལེན་སྐོར་བསྐྱོད་གྲུབ་པའི་རྗེས་ད་རིང་ ཐའི་ལེན་ཌ་ ལ་འབྱོར་ཏེ་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ བྷེང་ཀོཀ་ ནང་སྤྲོད་ལེན་བསྐོར་བསྐྱོད་བྱ་རྒྱུ་ཡིན་ཞིང་། ཐའི་ལེན་ཌ་ སྲིད་བློན་ སྰ་མྰཀ་ སུན་དྷ་རྰ་བྷིཇ་ ཡིས་གསུངས་པའི་ནང་། ངོས་ནས་འབྲེལ་ཡོད་དཔོན་རིགས་ཀྱིས་དཔལ་འབར་སྐོར་བསྐྱོད་ལ་འགོག་རྐྱེན་བཟོ་ཐབས་བྱ་རྒྱུའི་ངོ་རྒོལ་ལས་འགུལ་རིགས་འགོག་ཐབས་ཀྱི་འགན་འཁུར་ཡོད་པའི་བྱ་ཐབས་ལག་བསྟར་བྱ་དགོས་པའི་བཀོད་མངགས་བྱས་པ་དང་། ལྷག་པར་དུ་མི་ཁག་ཅིག་གིས་གལ་ཏེ་ཕྱི་རྒྱལ་བས་དཀའ་རྙོག་བཟོས་ཚེ་རང་ཡུལ་དུ་ཕྱིར་འབུད་བྱ་དགོས་པའི་བསམ་འཆར་བཏོན་མཁན་ཚོར་རྗེས་སུ་ཡིད་རང་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། དེ་ཡང་ ཐའི་ལེན་ཌ་ ཡི་རྒྱལ་ཡོངས་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པ་ ཝཅྰ་རྰ་པོལ་ པ་ར་སྰ་རན་རཇ་ཀིཊ་ ཞུ་བས་དེ་རིང་གསུངས་པར། གལ་ཏེ་རྒྱ་ནག་གི་དཔལ་འབར་བསྐོར་བསྐྱོད་སྐབས་ཕྱི་རྒྱལ་བ་གང་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནས་རྙོག་ཟིང་སླངས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་ཡིན་ཚེ་ ཐའི་ལེན་ཌ་ གཞུང་ཕྱོགས་ནས་མཐོང་མཆན་བཀའ་ཁྲོལ་ཕྱིར་བསྡུ་བྱེད་པ་དང་ཡང་ན་ཁྲིམས་གཏུགས་བྱེད་པའམ་ཡང་ན་ཕྱིར་འབུད་བྱ་རྒྱུུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། རེས་གཟའ་སྤེན་པའི་ཉིན་དཔལ་འབར་སྤྲོད་ལེན་བསྐོར་བསྐྱོད་བྱེད་པའི་སྐབས་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱ་རྒྱུ་དང་དཔལ་འབར་ཀི་ལོ་མི་ཊར་ ༡༠་རྒྱང་ཚད་བར་སྤྲོད་ལེན་སྐོར་བསྐྱོད་བྱ་རྒྱུར་ལམ་ལྷོང་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད༎