༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་སོག་གི་རྒྱལ་ས་ཨུ་ལན་སྦ་ཏོར་དུ་སོག་པོའི་མང་ཚོགས་ཁྲི་གཅིག་ལྷག་ཙམ་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་གནང་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་སྔ་དྲོ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་འཛིན་སྐྱོང་གནང་བཞིན་པའི་ནང་པའི་སློབ་ཕྲུག་ཚོར་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང༌། དེ་རྗེས་སོག་ཡུལ་གྱི་བླ་ཆེན་ཁལ་ཁ་རྗེ་བཙུན་དམ་པ་དང་མཇལ་འཕྲད་གནང་། ཉིན་རྒྱབ་མགོན་པོ་གང་ཉིད་ཀྱིས་གནམ་ཐང་གི་ཉེ་འཁྲིས་སུ་ཡོད་པའི་སྦུ་ཡནཏ་ཨུ་ཁའ་ཞེས་པའི་རྩེད་ཐང་ཆེན་མོར། ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་འཁྲིད་ཏེ་ལོ་རིན་པོ་ཆེ་དབུས་བྷུར་ཡ་ཏི་སོགས་ཉེ་འཁོར་ཡུལ་གྲུ་ཁག་ནས་བཅར་བའི་སོག་པོའི་མཁན་བླ་རྣམ་པས་གཙོས་སོག་པོ་མང་ཚོགས་ཁྲི་གཅིག་བརྒལ་བར་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་གནང་མཛད་འདུག
༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་། དུས་རབས་༢༡པའི་ནང་པ་ཞིག་བྱེད་དགོས་པའི་སྐོར་བཀའ་གནང་སྟེ། སངས་རྒྱས་པའི་ཆོས་ཤེས་པའི་ཐོག་ནས་དད་པ་བྱེད་དགོས་པ་མ་གཏོགས། སངས་རྒྱས་ཀྱི་ཆོས་འགྲོ་སྟངས་མ་ཤེས་པར་དད་པ་བྱས་ན་། རྨོངས་དད་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་པ་དང༌། བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་བཞིན་ཁུངས་གཏུགས་ས་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་ཆགས་ཡོད་སྟབས། དཔལ་ནྰ་ལེན་ཌའི་ཆོས་བརྒྱུད་དེ་ཀླུ་སྒྲུབ་ཡབ་སྲས་སོགས་ནས་མར་བྱུང་བ་ཞིག་ཡིན་སྐོར་བཀའ་འགྲེལ་གནང་འདུག། ཡང་༸གོང་ས་མཆོག་གིས་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་དེ་ཆ་ཚང་བ་ཞིག་དང་ཧ་ཅང་སྤུས་དག་པོ་ཞིག་ཡིན་སྟབས། ༸གོང་ས་མཆོག་ནས་བོད་ཀྱི་སངས་ཀྱི་ཆོས་དེ་ཧ་ལམ་འཛམ་གླིང་གི་གཅེས་ནོར་རེད་ཅེས་བཀའ་གནང་ན་འགྲིག་གི་ཡོད་པ་དང༌། དེ་རིང་ཁ་སང་ཚན་རིག་པ་དང་ལྷན་དུ་དཔུང་པ་མཉམ་གཤིབ་བྱས་ནས་སྐད་ཆ་ཤོད་ཐུབ་ཀྱི་ཡོད་ལ། ཚན་རིག་པ་ཚོས་ཀྱང་གདེང་འཇོག་བྱེད་ཀྱི་ཡོད་པའི་སྐོར་བཀའ་སྩལ་གནང་མཛད་འདུག། ཐེངས་འདིའི་ཆོས་ཞུ་བར་བཅར་མཁན་ཁོངས་སུ་ཨུ་རུ་སུའི་ཁྱབ་ཁོངས་བྷུར་ཡཏི་ནང་པའི་ཡུལ་གྲུ་ནས་གྲོས་ཚོགས་ཀྱི་འཐུས་མི་དང༌། སོགས་ཡུལ་གྱི་མཁས་པ་སྙན་གྲགས་ཆེ་ཤོས་དེའང་བཅར་ཡོད་པ་རེད།།