༧གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་དུ་ཆིབས་བསྒྱུར་ལེགས་གྲུབ།

༧གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ལེགས་གྲུབ་ཟིན་པའི་གནས་ཚུལ།

2011-12-14
Share

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆིབས་བསྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ལེགས་གྲུབ་ཟིན་པའི་རྗེས་སུ་ད་རང་སྔ་དྲོ་བཞུགས་སྒར་རྡ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཁའ་ལམ་བརྒྱུད་ནས་བཞུགས་སྒར་རྡ་ས་ལའི་ཉེ་འཁྲིས་ག་གལ་གནམ་ཐང་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དབུས་པའི་བོད་གཞུང་གི་མཛད་གཙོ་རྣམས་ཀྱིས་གུས་བསུའི་སྣེ་ལེན་ཞུས་འདུག་ལ་ གནམ་ཐང་ནས་ཕོ་བྲང་བར་ཕེབས་ལམ་གྱི་གཡས་གཡོན་དུ་བོད་མི་གཙོ་བོར་འགྱུར་བའི་མི་མང་བརྒྱ་ཕྲག་མང་པོས་ལག་ཏུ་མཇལ་དར་དང་མེ་ཏོག་ གདུག་སྤོས་བསྣམས་ནས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་ཟབ་རྒྱས་ཞུས་འདུག ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཀེ་རེལ་ཤ་ལྦ་ཛེན་སྦག་མཆོག་མཇལ་འཕྲད་གནང་བ་དང་དེ་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ཤི་རིན་ཨེ་སྦ་ཌི་མཆོག་དང་ཕེ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྦར་ནའདྲ་ཀུཆི་ནར་མཆོག་ རྒྱ་རིགས་མང་གཙོ་དོན་གཉེར་བ་ཅན་ལི་དབྱང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཟུང་འབྲེལ་ཟིན་བྲིས་པ་སི་ཀྲེ་ཕེ་ནི་ཧེ་སེལ་རྣམས་ཀྱིས་ཨེ་ཤི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་པ་སོགས་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་ཡོད་པ་རེད་། ཡང་ར་ཤིའི་ནང་པའི་ཆོས་ཚོགས་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་འདི་ཟླའི་ཚེས་༡༩་ནས་༢༡་བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་རྗེ་གཙོང་ཁ་པས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་དང་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་ བདེ་མཆོག་གི་རྗེས་གནང་བཅས་ཆོས་འབྲེལ་བཀྲིན་སྩལ་གནང་འཆར་ཡོད་སྐོར་ད་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།