༧སྐུའི་ཡང་སྲིད་ཐད་རྒྱ་ནག་ལ་ཐོབ་དབང་རྩ་བ་ནས་མེད་པའི་གྲོས་ཆོད་གཏན་འབེབས།


2019.11.27
༧སྐུའི་ཡང་སྲིད་ཐད་རྒྱ་ནག་ལ་ཐོབ་དབང་རྩ་བ་ནས་མེད་པའི་གྲོས་ཆོད་གཏན་འབེབས། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་དང་བཅས་པའི་དབུ་བླ་འདུས་པའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་བཞི་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་འོད་ཟེར།

ཟླ་བ་འདིའི་སྤྱི་ཚེས་༢༧ཉིན་བཞུགས་སྒར་རྡ་རམ་སར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤པ་དེ་བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དང་སྐུ་ཚབ་རྣམ་པ་དབུ་བཞུགས་ཐོག ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་སྤྱི་མོས་ཀྱིས་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབས་གནང་ཞིང་། གྲོད་ཆོད་ཀྱི་ནང་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་མཆོག་༧སྐུ་ཉིད་ལ་ཡོད་པ་ལས་གཞན་སྲིད་གཞུང་སོགས་སུ་ལའང་མེད་པ་ཞེས་གསལ་བཀོད་དང་། ཡང་གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༧རྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་འབྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་ཡོད་པ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཚོགས་ཐོག་སྙན་སྒྲོན་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་ཡོངས་རྫོགས་རྒྱ་ནག་གཞུང་གཅིག་པུར་ཡོད་ལུགས་བརྗོད་བཞིན་ཡོད་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ཆོས་མེད་རིང་ལུགས་པར་གལ་སྲིད་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་བའི་ཐོབ་ཐང་མེད་པ་དང་། ༧རྒྱལ་བའི་མ་འོངས་པའི་ཡང་སྲིད་ཀྱི་གནད་དོན་འདི་བོད་མི་དང་བོད་བརྒྱུད་བསྟན་རྗེས་འཇུག་པ་ཚོར་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཨ་རིའི་གཞུང་དང་གྲོས་ཚོགས། དེ་བཞིན་ཡོ་རོབ་གྲོས་ཚོགས་སོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་ལྷན་ཁང་གི་གཙོ་འཛིན་སྐུ་ཞབས་སམ་སྦརའོན་སྦེཀ་མཆོག་གིས་ ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་ལ་ཐོབ་ཐང་དང་དབང་ཚད་གང་ཡང་མེད་པ་གསུངས་པར་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་གནད་དོན་འདིའི་ཐད་གྲོས་ཆོད་ཅིག་ཀྱང་འཇོག་གནང་དགོས་པའི་དགོངས་ཚུལ་བཏོན་གནང་ཡོད་པ་རེད།

ཉེ་ཆར་༢༠༡༩ལོའི་སྤྱི་ཟླ་༡༡སྤྱི་ཚེས་༡༥ ཉིན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་ནང་པ་དང་མཐོ་སློབ་སློམ་མ་ཁག་ཅིག་ལ་མཇལ་མོལ་གནང་བའི་སྐབས། “ཏཱ་ལའི་བླ་མའི་མ་འོངས་པའི་ཡང་སྲིད་དེ་མཐར་ཐུག་ངོས་ཀྱི་ལག་ཏུ་ཡོད་ལ། མ་འོངས་པར་ངོས་ཀྱི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་ཡིག་གེ་ཞིག་ཀྱང་འཇོག་རྒྱུ་ཡིན་པ་བཀའ་གནང་ཞིང་། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་དེ་ཡང་ནང་ཆོས་དར་ཁྱབ་བྱུང་བའི་ས་ཁུལ་ཞིག་ཏུ་ཡོང་རྒྱུ་ཡིན་པ་དགོངས་ཀྱི་འདུག་ཅེས་བཀའ་གནང་ཡོད་པ་རེད།

ཕྱི་ལོ་༢༠༡༡ ལོར་༸གོང་ས་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་བསྐྱངས་པའི་ཆོས་ལུགས་ཀྱི་ཚོགས་ཆེན་ཐོག་༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་སྐོར་བཀའ་ཡིག་ཅིག་ཆེད་སྩོལ་མཛད་ཡོད་ཅིང་། །ཆོས་ཚོགས་དེའི་ཐོག་ནས་བཀའ་ཡིག་གི་ནང་དོན་ལ་སྤྱི་མོས་ཀྱིས་ངོས་ལེན་ཞུས་པའི་གྲོས་ཆོད་དོན་ཚན་༥ ཅན་ཞིག་ཀྱང་སྣོལ་འཇོག་ཀྱང་བྱུང་ཡོད་པ་རེད། འོན་ཀྱང་ད་ཆ་བོད་མི་སྤྱི་ཡོངས་ནས་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ཁྲིམས་འཕེར་ཡིག་ཆ་བཟོ་འཇོག་བྱ་དགོས་གལ་ཆེ་བ་ལྟར། ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་བཞི་པ་འདིའི་ཐོག་དམིགས་བསལ་གྲོས་ཆོད་སྣོལ་འཇོག་བྱ་རྒྱུ་དགོས་མཁོར་མཐོང་ཡོད་པ་ཆོས་རིགས་བཀའ་བློན་མཆོག་གིས་གསུངས་ཡོད་པ་རེད།

ཐེངས་འདིའི་ཆོས་ཚོགས་ཐོག་བླ་སྤྲུལ་དང་སྐུ་ཚབ་ཚོགས་མི་བཅས་ཁྱོན་མི་གྲངས་༡༡༧ དངོས་སུ་ཕེབས་འདུག་ཅིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས། དཔལ་ས་སྐྱ་ཆོས་བརྒྱུད་དང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་བར་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་གསུངས་ནས་་༸གོང་ས་མཆོག་གི་ཡང་སྲིད་ མུ་མཐུད་ཕེབས་དགོས་པའི་གསོལ་འདེབས་ཞུས་པ་ཙམ་མིན་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཡེ་ཤེས་དབྱིངས་བཅད་ཀྱིས་ཐོག་ནས་ཡང་སྲིད་ངོས་འཛིན་གནང་བར་བོད་མི་ཚོས་ཐེ་ཚོམ་མེད་པར་ངོས་ལེན་བྱ་དགོས་གལ་ཆེ་བའི་དགོངས་ཚུལ་ཤུགས་ཆེ་འདོན་གནང་མཛད་འདུག

ཡང་ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཉེ་ཆར་དམིགས་བསལ་ཚོགས་ཆེན་སྐབས། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མི་མང་དབར་གྱི་འབྲེལ་ལམ་ནི་བྲལ་ཐབས་མེད་པ་ཞིག་ཡིན་པས། ༸གོང་ས་མཆོག་གི་ཡང་སྲིད་མུ་མཐུད་དགོས་པའི་གསོལ་འདེབས་ཞུས་པའི་སྤྱི་མོས་ཀྱིས་གྲོས་ཆོད་བཞག་ཡོད་པའི་སྐོར་གསུངས་ཡོད་པ་རེད།

ཉིན་གྲངས་གསུམ་གྱི་ཆོས་ཚོགས་དེའི་ཐོག་ཚོགས་ཆུང་འཆར་བགོས་ཀྱིས་ཆོས་ལུགས་གཞན་དང་། ནང་པའི་ཆོས་བརྒྱུད་ཁག་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ལ་སོགས་པའི་གྲོས་གཞི་ཁག་ལྔ་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་དང་། སྤྱི་ཚེས་༢༩ ཉིན་ཏེ་ཚོགས་ཆེན་ཉིན་མཐའ་མའི་སྐབས། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེའི་རྗེས་བཀའ་སློབ་རྗེས་འབྲེལ་ཟུར་རྒྱན་གྲོས་ཆོད་ཅིག་ཀྱང་སྣོལ་འཇོག་གནང་རྒྱུ་ཡིན་པ་རེད་འདུག





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎