བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་གཙོ་འཛིན་གཞོན་པ་ཝང་ཡུང་ལ་ཞིབ་བཤེར་བྱེད་བཞིན་འདུག

2024.01.29
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་གཙོ་འཛིན་གཞོན་པ་ཝང་ཡུང་ལ་ཞིབ་བཤེར་བྱེད་བཞིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པ་ཝང་ཡུང་(Wang Yong)
Chinese State Media

དེ་ཡང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་། རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཝང་ཡུང་(Wang Yong)་གིས་སྒྲིག་གཞི་དང་ཁྲིམས་ལུགས་ལ་འགལ་བའི་གནས་སྟངས་འོག་རྒྱ་ནག་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་ཕྱི་ཟླ་༡ཚེས་༢༩ཉིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་འདུག ཉེ་བའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་མང་པོ་ཞིག་ལ་ལྐོག་རྔན་དང་འབྲེལ་བ་ཡོད་པ། རྨོངས་དད་ཀྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཉེས་མིང་སྣ་ཚོགས་ཀྱི་ཐོག་ནས་ཞིབ་གཤེར་བྱེད་པའི་གནས་ཚུལ་ཐོན་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཝང་ཡུང་ཐོག་ཞིབ་གཤེར་བྱེད་བཞིན་ཡོད་ཚུལ་བཀོད་པ་ཙམ་ལས་ཞིབ་བཤེར་བྱེད་པའི་རྒྱུ་མཚན་ཇི་ཡིན་དང་ནག་ཉེས་ཐག་གཅོད་བྱས་ལུགས་སོགས་གང་ཡང་བཀོད་མི་འདུག
རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་ཝང་ཡུང་ནི་༡༩༧༡ལོར་སྐྱེས་པ་དང་། ཕྱི་ལོ་༢༠༢༡ལོའི་ཟླ་བ་བཞི་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པར་བསྐོ་བཞག་བྱས་ཡོད་ཅིང་། ཞིབ་བཤེར་གྱི་ཉེས་པ་ཕོག་ལུགས་ཕྱི་ཟླ་༡ཚེས་༢༩ཉིན་གསལ་བསྒྲགས་བྱས་འདུག འོན་ཀྱང་དེའི་གོང་ཕྱི་ཟླ་༡ཚེས་༡༧ཉིན་ལྷ་སའི་ནང་སྐོང་ཚོགས་བྱས་པའི་ཕྱི་ལོ་༢༠༢༤ལོའི་དུས་ཚིགས་དང་པོའི་གལ་ཆེའི་རྣམ་གྲངས་བཀོད་སྒྲིག་གི་སྐུལ་འདེད་ཚོགས་འདུའི་ཐོག་ཝང་ཡུང་གིས་མཉམ་ཞུགས་བྱས་ཡོད་པ་མཐོང་རྒྱུ་འདུག
གཞན་ཡང་ཟླ་བ་འདིའི་ཚེས་༥ཉིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གུང་ཁྲན་དམར་ཤོག་གི་དབུས་གཞུང་ནས་ཆོག་མཆན་སྤྲད་པ་བརྒྱུད་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་དམར་ཤོག་ཚོགས་མི་ཟུར་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཟུར་པ་ཅང་ཇའེ་ཡིས་སྒྲིག་གཞི་དང་ཁྲིམས་ལུགས་ནས་ཚབས་ཆེན་འགལ་བའི་གནད་དོན་ཐོག་ཞིབ་བཤེར་བརྟག་དཔྱད་བྱས་པ་བརྒྱུད་ཅང་ཇེའི་དམར་ཤོག་ཚོགས་པར་བསམ་པ་རྣམ་དག་མེད་པ་དང་ཞིབ་བཤེར་བྱ་རྒྱུར་དང་ལེན་མི་བྱེད་པ། རྨོངས་དད་ཀྱི་བྱེད་སྒོ་སྤེལ་ནས་ས་གནས་ཀྱི་ཆབ་སྲིད་ཁོར་ཡུག་ལ་གནོད་འཚེ་བཟོས་པ། ལྐོག་རྔན་བླངས་པ་སོགས་ཀྱི་ནག་ཉེས་ཐོག་ནས་དམར་ཤོག་ཚོགས་པ་དང་གཞུང་ཞབས་ནས་ཕྱིར་ཕུད་བཏང་པའི་ཐོག་ཞིབ་དཔྱོད་ཚན་པ་ནས་ཁྲིམས་ཐོག་གྱོད་གཏུག་བྱ་རྒྱུ་ཡིན་པ་སོགས་བཀོད་འདུག
ཡང་ཕྱི་ལོ་༢༠༢༢ལོའི་ཟླ་བ་བདུན་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོགས་ཚོགས་པའི་ཚོགས་མི་དང་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་ཀྲང་ཡུང་ཛཱ་ཡིས་ལྐོག་ཟ་ལྐོག་རྔན་བླངས་པ་དང་། སྒྲིག་ཁྲིམས་ནས་འགལ་བའི་ལས་དོན་མང་དག་ཞིག་ཉེས་འཛུགས་ཀྱིས་དམར་ཤོག་ཚོགས་པ་དང་གཞུང་ཞབས་ནས་ཕྱིར་ཕུད་བཏང་སྟེ་ཁྲིམས་ལུགས་ལྟར་གྱོད་གཏུག་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག
བོད་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་སྔར་ནས་ད་བར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཁ་བྲལ་ལ་འགོག་རྒོལ་གྱི་གནད་དོན་ལ་ཁ་གཡར་བྱས་ཏེ་དྲག་གནོན་བྱས་པའི་ཐོག་ནས་སྒེར་དོན་སྒྲུབ་པ་དང་། ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཚབས་ཆེ་སྤེལ་བཞིན་པར་མང་ཚོགས་ཀྱི་ངོས་ནས་མི་འདོད་པ་ཆེན་པོ་བྱེད་བཞིན་ཡོད་སྐོར་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་ཕྱིར་བསྒྲགས་བྱེད་འདོད་མེད་པའི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་དུས་རྒྱ་ནག་རྒྱལ་ཡོངས་སུ་དབུས་སྒྲིག་ཁྲིམས་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ལྷན་ཁང་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་གཞུང་ཞབས་པ་ཚོའི་ཐོག་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དཔོན་རིགས་ཚོར་ཡང་ཞིབ་བཤེར་བྱེད་བཞིན་འདུག་ཅིང་། གོང་ཞུས་ཞིབ་གཤེར་བྱ་ཡུལ་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་དེ་ཚོ་ནི་རྒྱ་ནག་ནས་བོད་དུ་ཡོང་བའི་རྒྱ་མིའི་དཔོན་རིགས་ཤ་སྟག་རེད་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎