ཉི་ཧོང་སྐུ་ཚབ་དོན་གཅོད་དང་ཨོ་སཱ་ཀའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཉིས་མཇལ་མོལ།

2022.08.02
ཉི་ཧོང་སྐུ་ཚབ་དོན་གཅོད་དང་ཨོ་སཱ་ཀའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཉིས་མཇལ་མོལ། ཉི་ཧོང་སྐུ་ཚབ་དོན་གཅོད་དང་ཨོ་སཱ་ཀའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཉིས་མཇལ་མོལ་སྐབས། ༠༨།༠༢།༢༠༢༢
OoT, Japan

ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢ཉིན་ཉི་ཧོང་གི་ཨོ་ས་ཀའི་(Osaka)་ས་གནས་གྲོས་ཚོགས་འཐིས་མིས་གསར་དུ་བདམས་ཐོན་བྱུང་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ཨ་རི་ས་ཝ་ཡུ་མ་ (Arisawa Yuma)་ལགས། རྒྱལ་ས་ཀྲོག་ཡོའི་ནང་ཕེབས་ཏེ་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་མཇལ་འཕྲད་གནང་འདུག ཁོང་གིས་ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་གོང་དུ་ཞུས་པའི་ཨོ་ས་ཀའི་གྲོང་ཁྱེར་ནང་ས་གནས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་དུ་བཙུགས་པ་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་(Taguchi Yoshinori)་ལགས་ཚོགས་གཙོ་དང་། ཁོང་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་སོགས་ཀྱི་གནས་ཚུལ་གསུངས་ཡོད་འདུག
ཁོང་རྣམ་གཉིས་མཇལ་འཕྲད་སྐབས། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྤྱིར་ཉི་ཧོང་མི་མང་དང་གྲོས་ཚོགས་འཐུས་མི་ཚོས་རྒྱུན་དུ་བོད་དོན་ཐོག་ཐུགས་ཚབས་དང་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། ད་རེས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་དོན་ཐོག་ཐུགས་སྣང་དང་འབྲེལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་ཆབས་ཅིག ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཏེ་གང་ལྟར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོས་མུ་མཐུད་ནས་བོད་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཐུགས་རེ་གནང་གི་ཡོད་ཅེས་ཞུས་འདུག
དེ་དང་ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་ལྕམ་ཨ་རི་ས་ཝ་ཡུ་མ་ལགས་ཀྱིས་ཀྱང་། བོད་ཀྱི་གནད་དོན་དེ་ནི་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་འཐབ་རྩོད་གནང་གི་ཡོད་པ་དང་། ལྷག་པར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ། བོད་དོན་བདེན་མཐའ་ཞི་འགྲིགས་ཀྱི་ངང་སེལ་རྒྱུར་མུ་མཐུད་ནས་རྒྱབ་སྐྱོར་གནང་གི་ཡིན་ཞེས་ནན་བརྗོད་གནང་ཡོད་འདུག
ཉི་ཧོང་གི་(Tokyo)་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་ལྡན་ཨོ་བྷ་ར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུང་ན། ཁོང་ལོ་༢༥ལྷག་ཉི་ཧོང་ནང་བསྡད་པའི་རིང་། ཉི་ཧོང་གཞུང་དང་མི་མང་ཁྲོད་བོད་ཀྱི་གནད་དོན་དང་བོད་དོན་ཐོག་དོ་སྣང་དང་གོ་རྟོགས་ཆེ་རུ་སོང་ཡོད་བ་དང་མཉམ་བོན་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་བཏང་ཡུལ་གྲུ་མང་པོའི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་ཀྱང་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་རྒྱ་ཆེ་ཤོས་དང་ཚོགས་མི་མང་ཤོས་ཡིན་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎