མདོ་ཁམས་དཀར་མཛེས་རྫོང་གི་བུད་མེད་རྫ་པོ་དང་སྐྱེས་པ་དཀོན་མཆོག་བཀྲ་ཤིས་གཙོས་བོད་མི་ཁག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱས་ལུགས་ཉེས་འཛུགས་ཀྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
ཉེ་ལམ་སྤྱི་ཟླ་༧་པའི་ཚེས་༦་ཉིན་ནི་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་ཡིན་པ་དང་། ཉིན་དེར་བོད་ནང་སྐད་འཕྲིན་ཚོགས་པ་ཁག་ཅིག་གི་ནང་། བོད་མི་ཚོས་འཁྲུངས་སྐར་དང་འབྲེལ་བའི་པར་རིས་འདྲ་མིན་ཕར་ཚུར་བསྐུར་རེས་གནང་བ་དང་། མ་ཎི་གང་མང་བགྲང་དགོས་ལུགས་ཀྱི་འབོད་སྐུལ་གནང་བ་སོགས་བྱས་ཡོད་འདུག རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་རྗེས། དེ་མ་ཐག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་གི་འཁྱག་ལུང་ཡུལ་ཚོ་ཧ་ཤུལ་ཚོ་བ་ནས་ཡིན་པ། རང་ལོ་༤༠་ཡས་མས་སུ་སོན་པ་བུད་མེད་རྫ་པོ་ཟེར་བ་ཞིག་དང་། སྐྱེས་པ་དཀོན་མཆོག་བཀྲ་ཤིས་ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་པ་དང་། དེ་མིན་དཀར་མཛེས་རྫོང་ཁོངས་ནས་ཡིན་པའི་བོད་མི་ཉི་ཤུ་ནས་སུམ་ཅུ་ལྷག་གིས། འཁྲུངས་སྐར་སྲུང་བརྩི་བྱས་ལུགས་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་བའི་གནས་ཚུལ་འདུག་ཀྱང་དམ་དྲག་གི་དབང་གིས་མིང་དང་གྲོང་ཚོ་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་གསུང་ན། བོད་མི་དེ་ཚོ་ག་དུས་འཛིན་བཟུང་བྱས་བ་རྩད་གཅོད་བྱས་ནའང་དམ་དྲག་གི་དབང་གིས་འཛིན་བཟུང་གི་དུས་ཚོད་ཏག་ཏག་ཤེས་རྟོགས་མ་ཐུབ་པ་དང་། ཁོང་ལ་འབྱོར་བའི་གནས་ཚུལ་ཁག་ལ་དབྱེ་ཞིབ་བྱས་པ་གཞིར་བཟུང་ན། འཁྲུངས་སྐར་གྱི་སྔ་ནུབ་ཐག་ཉེ་ཞིག་ཏུ་འཛིན་བཟུང་བྱས་འདུག་ཅེས་དང་། ནམ་རྒྱུན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་འཁྲུངས་སྐར་གྱི་སྔ་ནུབ་དུ། བོད་ཀྱི་ས་ཁུལ་གང་ས་ལ་དམ་དྲག་དང་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད། ད་ལོར་ཡང་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཉེ་བའི་སྤྱི་ཟླ་༧་པའི་ཚེས་༣་ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་གི་མི་བཞི་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད།
0:00 / 0:00