དཔའ་ཤོད་རྫོང་གཡང་ཤར་གོར་ཐེ་གྲོང་ཚོའི་དུད་ཁྱིམ་བཞི་བཅུ་ཙམ་གནས་སྤོར།
2019.01.23
རྒྱ་ནག་གཞུང་གིས་གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་བའི་སྲིད་ཇུས་ཀྱིས་རྐྱེན་པས་བོད་རིགས་ཞིང་པའི་ས་ཆ་ཤོར་བ་དང་མི་ཚེའི་མདུན་ལམ་གསར་པ་འཚོལ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བར་ལྟར་ན། ༢༠༡༨་ལོའི་མཇུག་ཙམ་ལ་ཆབ་མདོ་ཁུལ་གྱི་གྲོང་གསེབ་གྲོང་ཁྱེར་དུ་འགྱུར་བའི་སྲིད་བྱུས་འོག་ཆབ་མདོ་ཚྭ་བ་དཔའ་ཤོད་རྫོང་གི་གཡའ་ཤར་གོར་ཐེ་གྲོང་ཚོའི་ཁྱིམ་ཚང་ ༤༠ ཙམ་དཔའ་ཤོད་གྲོང་ཁྱེར་དུ་གནས་སྤོ་བྱས་ཟིན་འདུག་ལ། ཁོང་ཚོ་མང་ཆེ་བ་ཞིང་པ་ཡིན་འདུག དེ་བཞིན་ཆབ་མདོ་རི་བོ་ཆེའི་གྲོང་གསེབ་ཁུལ་གྱི་མི་ཚང་བཅུ་ཙམ་རི་བོ་ཆེའི་གྲོང་ཁྱེར་གྱི་ནང་གནས་སྤོ་བྱ་རྒྱུ་ཐག་གཅོད་ཟིན་ཡོད་འདུག་ཅིང་། འདི་དག་ནི་ཆབ་མདོ་ས་ཁུལ་གྱི་རི་བོ་ཆེ་དང་བྲག་གཡབ། གོ་འཇོ། འཇོ་མདའ། དེ་བཞིན་དཔའ་ཤོད་སོགས་ཀྱི་གྲོང་གསེབ་གྲོང་ཁྱེར་ཅན་དུ་འགྱུར་རྒྱུའི་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་པ་རེད།
བོད་ནང་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་ན། གཞུང་གིས་གསར་རྒྱག་བྱས་པའི་ཁང་པ་དེ་དག་གི་ནང་ངེས་པར་དུ་དོ་བདག་རང་ཉིད་གནས་སྡོད་བྱེད་དགོས་ཀྱི་ཡོད་འདུག་ལ། བོད་མི་གང་མང་གྲོང་གསེབ་ནས་གྲོང་ཁྱེར་ཅན་དུ་གནས་སྤོ་བྱ་རྒྱུར་རྒྱ་ནག་གཞུང་གིས་གང་ཅིའི་མཐུན་རྐྱེན་རོགས་རམ་མཁོ་སྤྲོད་བྱ་རྒྱུ་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག འདི་ནི་ཆབ་མདོ་ཁུལ་གྱི་གནས་ཚུལ་མ་ཟད་ལྷ་ས་ཁུལ་གྱི་གྲོང་གསེབ་གྲོང་ཁྱེར་ཅན་དུ་འགྱུར་བའི་སྲིད་ཇུས་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་འདུག་ཅིང་། རྒྱ་ནག་གཞུང་གི་སྲིད་ཇུས་འདི་རིགས་མང་པོ་ཞིག་ནི་དབུལ་ཕོངས་མེད་པ་བཟོ་འཆར་དབུལ་སྒྲོལ་འགག་སྒྲོལ་ཟེར་བའི་ལས་གཞིའི་འོག་སྤེལ་བཞིན་ཡོད་ཅིང་
བོད་ནང་གི་བོད་མི་ཞིག་གིས་གྲོང་གསེབ་གྲོང་ཁྱེར་ཅན་དུ་འགྱུར་བའི་སྲིད་ཇུས་ཀྱིས་རྐྱེན་པས་བོད་མིའི་ས་ཞིང་གི་བདག་དབང་བརླག་རྒྱུ་དང་། རྒྱ་མིའི་མི་འབོར་སྤོ་ཤུགས་བྱེད་བདེ་རུ་འགྲོ་གི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་བློ་བཟང་དགེ་ལེགས།