རྒྱལ་ཚོགས་ཀྱི་ཆེད་མཁས་བས་བོད་ནང་གི་ངལ་རྩོལ་བཤུ་གཞོག་དང་འབྲེལ་ནས་རྒྱ་ནག་གཞུང་ལ་དྲི་བ་བཏོན་འདུག

2023.04.12
རྒྱལ་ཚོགས་ཀྱི་ཆེད་མཁས་བས་བོད་ནང་གི་ངལ་རྩོལ་བཤུ་གཞོག་དང་འབྲེལ་ནས་རྒྱ་ནག་གཞུང་ལ་དྲི་བ་བཏོན་འདུག བོད་ནང་གི་གྲོང་གསེབ་ཞིག་གི་སྲང་བར་དུ།
REUTERS

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་བ་དྲུག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མི་ངལ་རྩོལ་བར་བཤུ་གཞོག་ཚབས་ཆེ་གཏོང་བཞིན་པར་བློ་ཚབས་ཡོད་པ་གསལ་སྟོན་དང་བཅས། དེའི་ཐད་གནད་འགག་དྲི་བ་བཅུ་བཞི་བཏོན་པའི་ཐུན་མོང་གི་ཡི་གེ་ཞིག་རྒྱ་ནག་གཞུང་ལ་བཏང་སྟེ་དེར་ལན་འདེབས་ཡོང་བའི་རེ་སྐུལ་གནང་འདུག
ཡི་གེ་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་སྤྱི་དང་། ལྷག་པར་ངལ་རྩོལ་ལས་བསྒྱུར་ཟེར་བའི་རྣམ་གྲངས་འོག་བོད་ཀྱི་ཞིང་འབྲོག་མང་ཚོགས་གནས་སྤོར་ཐེ་བའི་དྲི་བ་བཅུ་བཞི་བཏོན་ནས་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་སུད་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། དེ་བཞིན་ཆེད་མཁས་པ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་ངལ་རྩོལ་བ་གནས་སྤོའི་ལས་གཞི་ལག་བསྟར་གྱིས་གྲོང་གསེབ་ཁུལ་གྱི་ངལ་རྩོལ་བ་རྣམས་གཞི་རིམ་གླ་ཕོགས་ཉུང་བའི་བཟོ་གྲྭར་ལས་སྐུལ་བྱེད་པ་དང་། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་རྩ་མེད་གཏོང་གི་ཡོད་པའི་སྐོར་སོགས་བརྗོད་ཡོད་ལ། དེ་བཞིན་ཡི་གེ་དེའི་ནང་རྒྱ་ནག་གཞུང་གི་ངོས་ནས་ཕྱི་ལོ་༢༠༡༥ནས་༢༠༢༠བར་བོད་ནང་གི་ཞིང་འབྲོག་མི་མང་ས་ཡ་༢ དང་འབུམ་༨ལྷག་ཞིང་འབྲོག་ས་ཁུལ་ནས་གྲོང་ཁྱེར་གྱི་བཟོ་ལས་ཁང་དུ་གནས་སྤོས་ཟིན་པར་ངོས་ལེན་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༢༠ཁོ་ནར་ཞིང་འབྲོག་མི་མང་འབུམ་དྲུག་ལྷག་གནས་སྤོ་ཟིན་པར་ཁས་ལེན་བྱས་ཡོད་པ་ལྟར། བོད་ཀྱི་ཞིང་འབྲོག་མང་ཚོགས་རྣམས་གནས་སྤོར་གྱི་ལས་གཞིའི་ཐད་དངོས་གནས་འདོད་པ་ཡོད་མེད་དང་། བོད་མི་རྣམས་ལ་སོ་སོའི་བསམ་ཚུལ་དངོས་ཡོད་བརྗོད་པའི་རང་དབང་ཡོད་མེད། བོད་ཀྱི་སྐད་ཡིག་སློབ་གཉེར་དང་བཀོལ་སྤྱོད་གནས་སྟངས་སོགས་ཀྱི་ཐད་རྒྱ་ནག་གཞུང་ལ་དྲི་བ་བཏོན་པ་དེ་དག་ལ་ཁ་གསལ་ལན་འདེབས་དགོས་པའི་རེ་འདུན་བཏོན་ཡོད་པ་མུ་མཐུད་དུ་གསུངས་བྱུང་།

APtibet.jpg
ལྷ་སའི་ཉེ་ཁུལ་གྱི་གྲོང་ཚོ་ཞིག་གི་འགྲམ། ༦།༢།༢༠༢༡


ད་དུང་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། གོང་ཞུས་རྒྱལ་ཚོགས་ཀྱི་ཆེད་མཁས་བ་དྲུག་ཐུན་མོང་གིས་རྒྱ་ནག་གཞུང་ལ་བཏང་བའི་ཡི་གེ་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན་པས། བོད་ཀྱི་དོན་གཅོད་ཁང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེད་མཁས་པའི་ཚོགས་ཆུང་དེར་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་ཡིག་འབྲེལ་འགྲོ་ལུགས་ལ་བརྩི་བཀུར་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་དུ་བོད་མི་ངལ་རྩོལ་བ་གནས་སྤོའི་ལས་གཞི་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་རྒྱུའི་ལས་གཞིའི་སྐོར་གསལ་བཤད་ཞིབ་ཕྲ་མཁོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཡང་གནང་སོང་།
ཕྱི་ལོ་༢༠༢༣ལོའི་ཟླ་བ་༠༢ཚེས་༠༦ཉིན་བཏང་བའི་ཡིག་ཆ་དེ་ཉེ་ཆར་ཡོངས་གྲགས་ཁྱབ་སྤེལ་བྱས་བ་ཞིག་དང་། ཡི་གེ་དེ་གཏོང་མཁན་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ནི་ཀྲོ་མ་ཡ་ཨོ་བོ་ཀ་ཊ་(Tomoya Obokata)་ལགས་དང་། ཨ་ལེག་སེན་དྲ་ཤན་ཤ་ཀི་ (Alexandra Xanthaki)་ལགས། སཱཊ་ཨལ་ཕ་རང་གི་(Saad Alfarargi)་ལགས། ཕར་ནནྜ་ཊི་ཝ་རི་ནིས་(Fernand de Varennes)་ལགས། ཀེ་པི་ཨ་ཤ་ཝ་ནི་(K.P. Ashwini)་ལགས། སི་ཧོ་བྷན་མུ་ལེ་(Siobhán Mullally)་ལགས་བཅས་རེད་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎