ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་ཐད་བཀའ་བསྡུར་གནང་བཞིན་ཡོད་འདུག


2020-09-23
Share
ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ལས་རྟགས། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ལས་རྟགས།
ཨ་རིའི་ཕྱི་སྲིད་ལས་ཁུངས། སྒྲིག་བཟོ།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ ༢༠༡༧་ཟླ་ ༡ ཚེས་ ༢༠ ནས་གསར་བསྐོ་མ་བྱུང་བར་ལྷག་ཡོད་ཅིང་། བོད་དོན་དམིགས་བསལ་སྐུ་ཚབ་ཀྱི་ལས་འཁུར་བཞེས་མཁན་འདི་ནི་ཨ མི་རི་ཀའི་སྤྱི་མང་བདེ་འཇགས་དང་། དམངས་གཙོ།  འགྲོ་བ་མིའི་ཐོབ་ཐང་ཐད་འགན་འཁུར་བཞེས་མཁན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་རིམ་པ་གསུམ་པའི་གོ་གནས་ཡོད་པ་(Under Secretary)་ཞིག་གིས་གནང་སྲོལ་ཡོད་ཅིང་།  ལས་གནས་འདིའི་ཐོག་ཐུགས་འགན་བཞེས་མཁན་གྱི་བློན་ཆེན་རིམ་པ་གསུམ་པའི་དཔོན་རིགས་སུ་བསྐོ་བཞག་ཆེད་སྐུ་ཞབས་(Eric M. Ueland)་ལགས་འོས་མིར་མིང་འདོན་གནང་ཡོད་པ་རེད། ཁོང་ལ་ཕྱི་ཟླ་ ༩་ཚེས་ ༢༢ ་རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མདུན་ཉན་ཞིབ་གནང་ཡོད།
དེ་དང་བསྟུན།  འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ། གལ་ཏེ་སྐུ་ཞབས་ Eric Ueland གྲོས་ཚོགས་གོང་མས་བཀའ་ཁྲོལ་གཏན་འབེབས་བྱུང་ནས་སྤྱི་མང་བདེ་འཇགས་དང་།  མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན་རིམ་པ་གསུམ་པ་ Under Secretary རུ་བསྐོ་བཞག་གཏན་འབེབས་འབྱུང་ཚེ། གཞུང་འཛིན་སྔ་མ་གཉིས་ཀྱི་སྐབས་དང་གཅིག་མཚུངས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཏུ་བསྐོ་བཞག་གནང་མིན་ཡིག་ཐོག་བཀའ་འདྲི་ཞུས་པར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གནད་དོན་འདི་གནད་འགག་ཆེན་པོར་གཟིགས་ཏེ། ད་ལྟའི་ཆར་དམིགས་བསལ་སྐུ་ཚབ་བསྐོ་ཕྱོགས་ཐད་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་དང་བཀའ་བསྡུར་ཞུ་མུས་ཡིན་པ་ཡིག་ཐོག་བཀའ་ལན་གནང་བྱུང་།
ཕྱི་ཟླ་ ༩ ཚེས་ ༢༢ ཉིན་གྱི་ཉན་ཞིབ་སྐབས། འོས་མི་སྐུ་ཞབས་ Eric Ueland ལགས་ཀྱིས་ཁོང་རང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཟུང་སྦྲེལ་དྲུང་ཆེའི་གནས་རིམ་འདིར་བསྐོ་གཞག་བྱུང་ན། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ནང་གི་དྲག་རྩུབ་ཀྱི་བྱ་སྤྱོད་དང་།  བོད་ནང་གི་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བའི་བྱ་ཐབས་འཛིན་བཞིན་པ།  དེ་བཞིན་ཤིན་ཅང་ཁྱོན་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྡོག་རོལ་གཏོང་བ་བཅས་ཀྱི་ཐད་གདོང་ལེན་ནན་པོ་བྱེད་རྒྱུ་དང་།  དཀའ་སྡུག་འོག་ཡོད་པའི་མི་མང་ཚོའི་སྡུག་བསྔལ་གྱི་འབོད་སྒྲ་གྱེར་འདོན་བྱེད་རྒྱུར་ཤུགས་གནོན་བསྐྱོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཕྱི་ཟླ་ ༩ ཚེས་ ༢༢ ཉིན་ཡིག་ཐོག་བཀའ་ལན་གནང་པ་དེའི་ནང་ད་དུང་། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་རྒྱའི་དཀའ་རྙོག་སེལ་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་ཞུ་དགོས་རྒྱུར་མུ་འཐུད་དགོས་འདུན་འདོན་གྱི་ཡོད་པ་དང་གསུངས་པ་དང་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་མི་ཚོར་དོན་དམ་གྱི་རང་སྐྱོང་དགོས་པ་དང་། བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་།  སྐད་ཡིག་བཅས་བོད་མིའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའིི་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གཏིང་ཟབ་ཡོད་པ་དང་། ཨ་མི་རི་ཀའི་གཞུང་གིས་ངོས་ནས་འཛམ་གླིང་ས་ཕྱོགས་གང་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་བདེ་འཇགས་བཅས་ནི་གལ་ཆེན་པོར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་སྐུ་ཚབ་ཐོག་མ་དེ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་སྲིད་འཛིན་སྦིལ་ཀིལན་ཊན་སྐབས་བྱུང་ཞིང་། དེ་རྗེས་སྲིད་འཛིན་ཇོརཇ་བུཤ་མཆོག་དང་། སྲིད་འཛིན་སྦ་རཀ་ཨོ་བྷཱ་མ་མཆོག་གི་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བློན་ཆེན་རིམ་པ་གསུམ་པའི་གོ་གནས་ཡོད་པའི་དཔོན་རིགས་ཤིག་ཏུ་བསྐོ་བཞག་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་སྲིད་འཛིན་དུ་ཕེབས་པ་ནས་བཟུང་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་བྱུང་མེད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།