དགེ་འདུན་པ་དྲུག་ཨ་རི་ནང་ཚན་རིག་སློབ་གཉེར་ཆེད་ཕེབས་པ།

རྒྱ་གར་ནས་དགེ་འདུན་པ་དྲུག་ཨ་རིའི་ལྷོ་ཕྱོགས་ཨེ་མེ་རི་གཙུག་ལག་སློབ་གྲའི་ནང་ཚན་རིག་སློབ་གཉེར་ཆེད་ཕེབས་འདུག

2010-12-31
Share

༄༅༎རྒྱ་གར་ནས་དགེ་འདུན་པ་དྲུག་ཨ་རིའི་ལྷོ་ཕྱོགས་ཨེ་མེ་རི་གཙུག་ལག་སློབ་གྲའི་ནང་ཚན་རིག་སློབ་གཉེར་ཆེད་ཕེབས་འདུག

དགེ་འདུན་པ་ཚོས་རྫས་སྦྱོར་དང་། སྐྱེ་དངོས། དངོས་ཁམས་ཚན་རིག་སོགས་སློབ་གཉེར་གནང་དགོས་ཤིང་། དེ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ནང་ཆོས་ཀྱི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་དབར་སེམས་ཁམས་རིག་གནས་ཐད་ཕན་ཚུན་ལེགས་ཆ་སྤེལ་རྒྱུའི་གོ་སྐབས་བཟང་པོ་ཡོད་པའི་ལམ་སྟོན་ཕེབས་པ་ལྟར། ཕྱི་ལོ་༡༩༩༡་ལོར་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ཨེཏ་ལེན་ཊ་རུ་ཕེབས་ཏེ་ཨེ་མེ་རི་གཙུག་ལག་སློབ་གྲ་ཆེན་མོ་དང་འབྲེལ་བ་ཆགས་ཤིང་། དེ་རྗེས་ཕྱི་ལོ་༡༩༩༨ལོར་ཨེ་མེ་རི་གཙུག་ལག་སློབ་གྲ་ཆེན་མོ་དང་འབྲས་སྤུངས་བློ་གསལ་གླིང་དབར་ནང་ཆོས་སློབ་གཉེར་གྱི་ཟུང་སྦྲེལ་ལས་གཞི་གཏན་འབེབས་དང་སྦྲགས། ཨེ་མེ་རི་གཙུག་ལག་སློབ་གྲ་ཆེན་མོ་ནས་ནང་ཆོས་སློབ་གཉེར་བྱ་བློ་ཡོད་རིགས་ཚོར་དུས་ཐུང་རིང་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ཚན་ཉིད་གྲ་ཚང་སོགས་སུ་སློབ་གཉེར་བྱ་རྒྱུའི་སྒྲིག་སྲོལ་གཏོད་ནས་རྒྱུན་འཁྱོང་གནང་མུས་ཡིན་པ་རེད། ཁྱད་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ལོ་༢༠༠༧་ལོར་ཨེ་མེ་རི་གཙུག་ལག་སློབ་གྲ་ཆེན་མོའི་ནང་ལོ་ངོ་ལྔའི་རིང་སློབ་དཔོན་གྱི་ཕྱག་ལས་འབུལ་བཞེས་གནང་བ་ལྟར། ཨེ་མེ་རི་གཙུག་ལག་སློབ་གྲ་ཆེན་མོར་སྐབས་བསྟུན་ཕེབས་ཏེ་སློབ་འཁྲིད་གནང་དགོས་ཀྱི་ཡོད་པ་རེད། རྩ་བའི་༧གོང་ས་མཆོག་ལ་ཨ་རི་སོགས་འཛམ་གླིང་གི་གཙུག་ལག་སློབ་གྲ་ཆེས་མང་པོས་མཁས་དབང་གི་ཆེ་བསྟོད་ཕུལ་ཡོད་ཀྱང་ཨེ་མེ་རི་གཙུག་ལག་སློབ་གྲ་ཆེ་མོས་སློབ་དཔོན་གྱི་ཕྱག་ལས་ཕུལ་བ་དེ་ཕྲན་ བུ་མི་འདྲ་བ་ཡིན་པར་འགྲེལ་བརྗོད་གནང་འདུག རྩ་བའི་ནང་པའི་དགེ་འདུན་པ་ཚོར་ཚན་རིག་སློབ་གཉེར་གནང་རྒྱུར་དབྱིན་སྐད་མི་ཤེས་པའི་དཀའ་ངལ་ཡོད་ཐོག་བོད་སྐད་ནང་ཚན་རིག་གི་ཐ་སྙད་དུ་མ་ཞིག་མེད་པའི་དཀའ་ངལ་འཕྲད་བཞིན་པ་རེད། འོན་ཀྱང་དགེ་འདུན་པ་ན་གཞོན་ཚོས་༧གོང་ས་མཆོག་གི་བཀའ་དགོངས་འགྲུབ་རྒྱུར་དགའ་ཤིང་སྤྲོ་ཞིང་ངལ་བ་ཁྱད་དུ་སད་བཞིན་པ་དང་གྲུབ་འབྲས་ཀྱང་གང་ལེགས་ཐོན་བཞིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།