ཆབ་སྲིད་བཙོན་ཟུར་དཀོན་མཆོག་ཚེ་འཕེལ་ལགས་ལོ་༡༣ལ་བཙོན་འཇུག་བྱས་ཏེ། ལན་གྲུ་ཏིན་ཞི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ།

2022.03.21
Share on WhatsApp
Share on WhatsApp
ཆབ་སྲིད་བཙོན་ཟུར་དཀོན་མཆོག་ཚེ་འཕེལ་ལགས་ལོ་༡༣ལ་བཙོན་འཇུག་བྱས་ཏེ། ལན་གྲུ་ཏིན་ཞི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ། མདོ་སྨད་རྨ་ཆུ་རྫོང་ཁོངས་དངུལ་རྭ་ལྷ་སྡེ་ནས་ཡིན་པ་བོད་མི་གཞོན་སྐྱེས་ཤེས་ཡོན་པ་དཀོན་མཆོག་ཚེ་འཕེལ་ལགས།
TCHRD

མདོ་སྨད་རྨ་ཆུ་རྫོང་ཁོངས་དངུལ་རྭ་ལྷ་སྡེ་ནས་ཡིན་པ་བོད་མི་གཞོན་སྐྱེས་ཤེས་ཡོན་པ་དཀོན་མཆོག་ཚེ་འཕེལ་ལགས། སྤྱི་ལོ་༢༠༠༩ལོའི་ཟླ་བ་༢པའི་ཚེས་༢༦ཉིན་འཛིན་བཟུང་དང་འབྲེལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་པའི་ཉེས་པ་བཙུགས་ཏེ། ལོ་བཅོ་ལྔ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ལན་གྲུ་ཏིན་ཞིའི་བཙོན་ཁང་དུ་བཅུག་ཡོད་པ། ལོ་གཉིས་ཀྱི་ཁྲིམས་ཆད་མར་ཕབ་ནས་ལོ་༡༣རིང་བཙོན་འཇུག་བྱས་པའི་རྗེས། ཉེ་ལམ་སྤྱི་ཟླ་༣པའི་ཚེས་༡༨ཉི་མ་གློད་གྲོལ་གྱིས་རང་ཁྱིམ་དུ་སླེབས་ཡོད་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རི་མཚོ་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་པ་གཞིར་བཟུང་ན། ཁོང་ལ་ལོ་གཉིས་ཀྱི་ཁྲིམས་ཆད་མར་ཕབ་དོན་ནི་བཙོན་ཁང་དུ་མི་གཅིག་གི་སྲོག་སྐྱབས་པ་དང་། སྤྱོད་ལམ་ཡག་པོ་གནང་བ་སོགས་ལ་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

བརྒྱུད་ལམ་གཞན་ཁག་ཅིག་ཏུ་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་དཀོན་མཆོག་ཚེ་འཕེལ་གྱི་གློག་ཀླད་དུ། སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་གྱི་འདྲ་པར་རིགས་ཐོན་པ་ཉེས་འཛུགས་བྱས་ཡོད་པ་ཐོག མཆོད་མེ་དྲ་རྒྱའི་ནང་དུའང་ཆབ་སྲིད་ཀྱི་དོན་དག་ཡོད་པའི་རྩོམ་ཡིག་གྲས་ཐོན་པ་སོགས་བཀོད་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས། དཀོན་མཆོག་ཚེ་འཕེལ་ལགས་གློད་གྲོལ་གྱི་རྗེས་སུ་བདེ་འཚམས་ངང་རང་ཁྱིམ་དུ་འབྱོར་ཡོད་ནའང་། རྒྱ་ནག་གཞུང་གིས་ནམ་རྒྱུན་ལྟར་ཆབ་སྲིད་བཙོན་མ་ཚོ་གློད་གྲོལ་གྱི་རྗེས་སུ་དང་། ཁོང་ཚོའི་ནང་མི་ལའང་ལྟ་རྟོག་དམ་དྲག་ནན་མོ་བྱེད་བཞིན་པར་བརྟེན། ཁོང་གི་གཟུགས་པོའི་འཕྲོད་བསྟེན་གྱི་གནས་སྟངས་གསལ་བོ་ཤེས་རྒྱུ་ཁག་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཆབ་སྲིད་བཙོན་ཟུར་དཀོན་མཆོག་ཚེ་འཕེལ་ལགས་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར་གྱི་ཉེ་འཁྲིས་ཏིན་ཞི་བཙོན་ཁང་ནས་གློད་ཡོད་པ་དང་། ཁོང་ལ་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁར། ལོ་བཞི་ལ་ཆབ་སྲིད་ཐོབ་ཐང་འཕྲོག་པའི་ཉེས་ཆད་བཏང་ཡོད་པ་དེ། ཁོ་རང་གློད་གྲོལ་གྱི་རྗེས་ཐོག་སྤྱི་ཟླ་༣པའི་ཚེས་༡༨ནས་མགོ་འཛུགས་རྒྱུ་ཡིན་པར་བརྟེན། སྤྱིར་བཏང་ལོ་དེ་དག་གི་རིང་ཆབ་སྲིད་བཙོན་པ་ཚོ་དང་ཁོ་ཚོའི་ནང་མི་ཚོར། སྐབས་རེར་ས་གནས་དབང་འཛིན་པ་ཁ་ཤས་ཀྱི་བྱེད་སྟངས་ལ་བརྟེན་ནས་དམ་དྲག་ཚད་ལས་བརྒལ་བའང་ཡོང་གི་ཡོད་པས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གིས་ཁོ་ཚོར་དེ་འདྲའི་དམ་དྲག་མི་བྱེད་པའི་རེ་བ་དང་། སྨན་བཅོས་ཀྱི་གོ་སྐབས་ལ་བཀག་འགོག་མི་བྱེད་པའི་འབོད་སྐུལ་གནང་གི་འདུག

དཀོན་མཆོག་ཚེ་འཕེལ་ལགས་ནི་སྤྱི་ལོ་༡༩༧༠ལོར་མདོ་སྨད་རྨ་ཆུ་རྫོང་དངུལ་རྭ་ལྷ་སྡེ་ནས་སྐྱེས་ཤིང་། ས་གནས་སུ་རྒྱ་ཡིག་དང་བོད་ཡིག་གཉིས་ཀར་སློབ་སྦྱོང་གནང་མྱོང་བ་མ་ཟད། སྤྱི་ལོ་༡༩༨༤ལོར་རྒྱ་གར་དུ་འབྱོར་ཏེ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་གཉེར་གནང་བ་དང་། སྤྱི་ལོ་༡༩༩༤ལོར་བོད་ནང་ཕྱིར་ལོག་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན་བཅས་སུ་དབྱིན་ཇིའི་སྐད་ཡིག་སློབ་གཉེར་དང་འབྲེལ། རྨ་ཆུ་རྫོང་དུ་དགེ་རྒན་གནང་སྐབས་དགེ་རྒན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཁོང་གིས་ས་གནས་རྒྱ་ནག་གཞུང་གི་ཁོར་ཡུག་ལས་ཁུངས་དུ་ཕྱག་ལས་གནང་མྱོང་ཡོད་པའི་མུར། བོད་ནང་སྙན་གྲགས་ཆེ་བའི་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའང་རྩོམ་པ་བོ་སྐྱབས་ཆེན་བདེ་གྲོལ་ལགས་དང་ལྷན་དུ་ཆེད་གཉེར་གནང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎