རྒྱ་གར་དང་ཨ་རི་བཅས་སུ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཆེད་མར་མེ་ཁྲོམ་སྐོར་གནང་འདུག
ཉེ་ལམ་སྤྱི་ཟླ་༣པའི་ཚེས་༢༧ཉིན་རང་ལོ་༨༡ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་མདུན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་དང་། ཕྱི་ཟླ་༣པའི་ཚེས་༣༠ཉིན། སྐྱེ་དགུ་མདོ་ཁུལ་ཨ་ཁྲོ་ཡུལ་ཚོ་ནས་ཡིན་པའི་སྐྱེས་པ་ཞིག་གིས། སྐྱེ་རྒུ་མདོར་རང་ལུས་མེར་སྲེག་གནང་བ་བཅས་ལ་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་རྣམ་པ་ལྷན་བཞུགས་ཐོག་བཀྲ་ཕུན་ལགས་ཀྱི་འདས་མཆོད་དུ་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་རེད། འདི་ཚེས་༤ཉིན་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་གིས་དམ་པ་ཁོང་ལ་གདོང་སེམས་མཉམ་བསྐྱེད་དང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཟླ་བ་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་བཀྲ་ཕུན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བ་དེས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གསལ་པོ་མཚོན་ཐུབ་པ་མ་ཟད། ད་རེས་འདིར་ཡོད་པའི་བོད་མི་ཚོས་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་བོད་པའི་འཐབ་རྩོད་དེ་ཡང་མུ་མཐུད་གནས་རྒྱུ་ཡིན་པ་གོ་སྐབས་འདིའི་བརྒྱུད་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། བོད་པ་ཡིན་པའི་ཆ་ནས་ད་རེས་ཀྱི་ལས་འགུལ་་འདིའི་ནང་མཉམ་ཞུགས་བྱ་རྒྱུའི་འོས་འགན་ཡོད་པ་དང་། ད་སྐབས་བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་རང་བཞིན་ཅན་ལ་ངེས་པར་དུ་ངོས་འཛིན་གནང་དགོས་པ་འབོད་སྐུལ་གནང་ཞིང་། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཀྱང་དམ་་པ་ཁོང་དང་ཁོང་འདྲ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཁ་ཆེམས་དང་མངོན་འདོད་སོགས་སྒྲུབ་ཐབས་བྱེད་རྒྱུ་ནི་སྐབས་བབ་ཀྱི་འོས་འགན་ཡིན་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་འདི་ཚེས་༣་ཉིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་གོ་སྒྲིག་བྱས་ཏེ། ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་བ་དང་། དེ་བཞིན་དགོང་དྲོར་མར་མེ་ཁྲོམ་སྐོར་གནང་ཡོད་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་གསུངས་ན། དེ་ནི་ཉེ་བའི་ཆར་བོད་ནང་དུ་བཀྲ་ཕུན་ལགས་དང་མིང་གསལ་བོ་མ་བྱུང་བའི་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་བར་བརྟེན་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་འདི་གོ་སྒྲིག་ཞུས་ཡོད་པ་གསུངས་བྱུང་།
སྤྱི་ལོ་༢༠༠༩ལོ་ནས་ད་བར་བོད་ནང་ནས་བོད་མི་རང་ལུས་མེར་སྲེག་གནང་མཁན་གྱི་གྲངས་འབོར་༡༦༠ལ་སླེབས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།