བོད་ཀྱི་རིག་གནས་ཐོག་སློབ་མཐར་སོན་པའི་སློབ་གཉེར་བ་ ༥༠༠ ལྷག་ལ་མཐར་སོན་ལག་ཁྱེར་སྩལ་ཏེ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་ ༡༦ པ་འཚོགས།
ནང་དོན་རིག་པ་དང་། གསོ་བ་རིག་པ། སྐད་བརྡ་རིག་པ། ལོ་རྒྱུས་རིག་པ། སྒྱུ་སྩལ་རིག་པ། དགེ་རྒན་འོས་སྦྱོང་སློབ་མཐར་སོན་པའི་སློབ་གཉེར་བ་ ༥༡༦ ལ་མཐར་སོན་ལག་ཁྱེར་སྩལ་ཏེ། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་བཅུ་དྲུག་པ་འཚོགས་འདུག་པ་དང་། དགའ་སྟོན་མཛད་སྒོའི་ཐོག་གཞན་ཡང་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དང་། གནས་བརྟན་དགེ་སློང་ཧེ་མ་ར་ཏ་ན་མཆོག སློབ་དཔོན་ཆེན་མོ་ཤྲི་ནི་བ་ས་བ་ར་ཁེ་ཊི་མཆོག་ལ་གཙུག་ལག་སློབ་གཉེར་ཁང་གི་ངག་གི་བདག་པོའི་ཆེ་བསྟོད་མཚན་རྟགས་འབུལ་ལམ་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༧ ཉིན་རྒྱ་གར་ཨུ་ཏར་པྲ་དེཤ་མངའ་སྡེའི་ནང་པའི་གནས་ཆེན་ཝཱ་རཱ་ཎ་སཱིར་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་ག་ཇེནྡྲ་སིངྷ་ཤེ་ཁ་བཊ་(Gajendra Singh Shekhawat)མཆོག་དང་། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ཨུ་ཏར་པྲ་དེཤ་མངའ་སྡེའི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཇེ་བིར་སིངྷ་(Jaiveer Singh)མཆོག གནས་བརྟན་དགེ་སློང་ཧེ་མ་ར་ཏ་ན་མཆོག སློབ་དཔོན་ཆེན་མོ་ཤྲི་ནི་བ་ས་བ་ར་ཁེ་ཊི་མཆོག ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་གཙོས་པའི་གནད་ཡོད་སྐུ་མགྲོན་རྣམ་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༨ ནས་ ༢༠༢༤ བར་གྱི་འབུམ་རམས་པ་དང་། ཁྱད་འཕགས་སློབ་དཔོན། ཨཅཱ་རྱ། ཤཱསྟྲི། གསོ་བ་རིག་པ། སྒྱུ་སྩལ་སྡེ་ཚན། དགེ་རྒན་འོས་སྦྱོང་སློབ་མཐར་སོན་པའི་སློབ་གཉེར་བ་ལྷན་འཛོམས་ཐོག་བསླབ་པ་མཐར་སོན་གྱི་དགའ་སྟོན་མཛད་སྒོ་འཚོགས་འདུག
དགའ་སྟོན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་སྐུ་ཞབས་ག་ཇེནྡྲ་སིངྷ་ཤེ་ཁ་བཊ་མཆོག་གིས་རྒྱ་གར་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་དར་འཕེལ་འགྲོ་བཞིན་ཡོད་པ་དང་། དེང་གི་དམག་འཁྲུག་དང་དཀའ་རྙོག་ཆེ་བའི་འཛམ་བུ་གླིང་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་དེ་སྔར་ལས་དགོས་མཁོ་ཆེ་བར་གྱུར་ཡོད་པ་གསལ་སྟོན་དང་། ཁྱད་པར་དུ་དུས་རབས་བདུན་པ་བཟུང་བོད་དང་རྒྱ་གར་བར་ཆོས་དང་རིག་གཞུང་གི་འབྲེལ་བ་འགོ་ཚུགས་ཏེ། ཕྱོགས་གཉིས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་ལོ་པཎ་རྣམས་ནས་ནང་ཆོས་དར་འཕེལ་རྒྱུན་འཛིན་ལ་ཞབས་འདེགས་རླབས་ཆེན་ཞུས་པར་ངོས་འཛིན་གནང་སོང་། དེ་བཞིན་ཁོང་གིས་གཙུག་ལག་སློབ་གཉེར་ཁང་གིས་ནང་དོན་རིག་པ་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་སླར་གསོ་རྒྱུན་འཛིན་ཐད་ཞབས་འདེགས་ཆེན་པོ་ཞུས་ཡོད་ལ། དེའི་ནང་ནས་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་ནང་ཆོས་ཀྱི་གཞུང་ལུགས་ཀྱི་མ་ཕྱི་རྩ་བརླག་ཏུ་ཕྱིན་པ་མང་དག་ཅིག་བོད་སྐད་དུ་བསྒྱུར་བའི་གཞུང་ནས་ལེགས་སྦྱར་དང་ཧིན་དིའི་སྐད་དུ་སླར་གསོ་ཞུས་ཏེ། ནང་པ་སངས་རྒྱས་པའི་གཞུང་ལ་རླབས་ཆེའི་ཞབས་འདེགས་བསྒྲུབས་པར་བསྔགས་བརྗོད་དང་སྦྲགས། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་ནས་བོད་དང་ཧི་མ་ལ་ཡའི་ཆོས་དང་རིག་གཞུང་གོང་སྤེལ་གྱི་ལས་དོན་སྤྱི་དང་། བྱེ་བྲག་ཏུ་གཙུག་ལག་སློབ་གཉེར་ཁང་ལ་མཐུན་འགྱུར་དང་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་།

གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གེ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བའི་ནང་། སྤྱིར་བསླབ་པ་མཐར་སོན་གྱི་དགའ་སྟོན་དེ་ནི་སློབ་གཉེར་བ་རྣམས་ནས་ལོ་ངོ་མང་པོའི་ནང་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་གཞུང་ལུགས་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་རྗེས་སློབ་མཐར་སོན་པའི་ཕྱག་འཁྱེར་དབུལ་རྒྱུའི་མཛད་སྒོ་ཞིག་ཡིན་པ་དང་། གཙུག་ལག་སློབ་གཉེར་ཁང་ནས་མཛད་སྒོ་དེ་དང་ལྷན་ཅིག་ཏུ་ངག་གི་དབང་པོ་ཞེས་པའི་ཆེ་བསྟོད་མཚན་རྟགས་ཤིག་འབུལ་སྲོལ་ཡོད་པ་ལྟར། ཆེ་བསྟོད་མཚན་རྟགས་དང་པོ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་དང་། དེ་རྗེས་རིམ་བཞིན་རྒྱ་གར་གྱི་སྲིད་བློན་ཟུར་པ་ཞིང་གཤེགས་ན་ར་སིམ་ཧ་ར་ཧོ་(P. V. Narasimha Rao) མཆོག་དང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཞིང་གཤེགས་ཨབ་ཏུལ་ཀ་ལམ་(A. P. J. Abdul Kalam) མཆོག་སོགས་ལ་ཕུལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་བསླབ་པ་མཐར་སོན་པའི་སློབ་གཉེར་བ་ཕུར་པ་རྒྱལ་ལགས་ནས་དེ་རིང་ཁོང་ལ་སློབ་མཐར་སོན་པའི་ལག་ཁྱེར་དངོས་སུ་ཐོབ་དུས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཡང་ནང་དོན་རིག་པའི་ཐོག་ཤཱསྟྲི་སློབ་མཐར་སོན་པའི་སློབ་གཉེར་བ་བསྟན་འཛིན་ལྷུན་གྲུབ་ལགས་ནས་སློབ་ཐོན་ལག་ཁྱེར་ཐོབ་པའི་རྗེས་མ་འོངས་པར་སྤྱི་ཚོགས་ཁྲོད་དོན་དང་ལྡན་པའི་ཞབས་ཞུ་བསྒྲུབ་རྒྱུར་འབད་རྩོལ་ཞུ་རྒྱུ་ཡིན་ཞེས་དང་། གསོ་རིག་སློབ་མཐར་སོན་པའི་སློབ་མ་སྤེན་པ་ཚེ་རིང་ལགས་ནས་ལོ་མང་རིང་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཐོག་སློབ་སྦྱོང་བྱས་ཏེ་སྦྱང་འབྲས་ལེགས་སོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞི་རྩའི་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དེ་བཞིན་བོད་ས་ཤོར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གི་དགོངས་བཞེད་འོག ཐོག་མར་ཕྱི་ལོ་ ༡༩༦༧ ལོར་ཝཱ་རཱ་ཎ་སཱིའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་སུ་དབུ་འཛུགས་གནང་ཞིང་ཕྱི་ལོ་ ༡༩༧༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད། རིམ་བཞིན་གཙུག་ལག་སློབ་གཉེར་ཁང་དེ་ཉིད་གནས་མཆོག་ས་ར་ན་ཐའི་ཉེ་འདབས་སུ་གནས་སྤོས་ཏེ་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གི་མངའ་འོག་བོད་ཀྱི་ཆོས་དང་རིག་གཞུང་སློབ་གཉེར་བྱ་ཡུལ་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད་པ་དང་། གཙུག་ལག་སློབ་ཁང་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་སྔ་རབས་ཀྱི་སློབ་གཉེར་ཁང་ཆེན་མོ་ནཱ་ལེནྡྲ་དང་། བི་ཀྲམ་ཤཱི་ལ། ཏཀྵ་ཤཱི་ལ་སོགས་ཀྱི་རྒྱུན་མ་ཉམས་པར་བོད་དུ་བཞུགས་པའི་ནང་ཆོས་སློབ་གཉེར་གྱི་གོ་སྐབས་ཤོར་བའི་བོད་མི་སྐྱབས་བཅོལ་བ་དང་། རྒྱ་གར་ཧི་མཱ་ལ་ཡའི་ས་ཁུལ་གྱི་སློབ་ཕྲུག་གཞན་རྣམས་ལ་སྲོལ་རྒྱུན་གྱི་ཤེས་ཡོན་སྤྲོད་རྒྱུ་དང་། རྒྱ་གར་གྱི་གནའ་རབས་ཤེས་ཡོན་ལམ་ལུགས་ལ་རྨང་གཞི་བཞག་པའི་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་སྲུང་སྐྱོབ་བྱ་རྒྱུ། བོད་སྐད་དུ་ཡོད་པའི་རྒྱ་གར་གྱི་གནའ་རབས་ཚན་རིག་དང་རྩོམ་རིག་གང་དག་གི་མ་ཕྱི་བརླག་པ་རྣམས་སླར་གསོ་བྱ་རྒྱུ། དེང་རབས་ཀྱི་གཙུག་ལག་སློབ་གྲྭའི་སློབ་གསོའི་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་བོད་ཀྱི་སློབ་གཉེར་གྱི་ཤེས་ཚད་ལག་འཁྱེར་སྤྲོད་རྒྱུའི་ཆ་རྐྱེན་དང་བཅས་པའི་སྲོལ་རྒྱུན་གྱི་སློབ་ཚན་ཁག་གི་སློབ་ཁྲིད་དང་ཞིབ་འཇུག་གི་ཁྱབ་ཚད་མཐར་ཕྱིན་པ་བྱ་རྒྱུ་རེད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།