བཞུགས་སྒར་རྡ་སར་ཁོར་ཡུག་གཙང་བཟོའི་ལས་འགུལ།

བཞུགས་སྒར་རྡ་རམ་ས་ལར་གནས་སྡོད་བོད་རིགས་ཚོས་མ་སྐུལ་དང་བླངས་ཐོག་གཞུང་ལམ་དང་རི་ལྡེབས་སུ་འགྱིག་སྣོད་གཙང་བཟོ་གནང་འདུག

2009-12-21
Share

༄༅༎བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ཀྱིས་གཙོས་ས་གནས་སུ་གནས་སྡོད་བོད་རིགས་ཚོས་མ་སྐུལ་དང་བླངས་ཐོག་གཞུང་ལམ་དང་རི་ལྡེབས་བཅས་སུ་འགྱིག་སྣོད་གཙང་བཟོ་གནང་འདུག

གཞི་རྩའི་འདི་ལོ་ཕྱི་ཟླ་བཅུ་པའི་ཚེས་གཉིས་ཉིན་ནས་བཟུང་ཧི་མ་ཅལ་མངའ་སྡེའི་ནང་འགྱིག་སྣོད་བེད་སྤྱོད་མི་ཆོག་པའི་མངའ་སྡེ་གཞུང་གིས་བཀའ་སྡོམ་གྱི་ཁྲིམས་ལུགས་གཏན་འབེབས་གནང་ཡོད་པ་ལྟར། བོད་རིགས་ཚོས་བཀའ་བརྩི་དང་ལེན་ཞུ་བཞིན་པའི་ཐོག་ད་ལམ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་རི་ལྡེབས་སུ་ཡོད་པའི་སྡོད་ཁང་གནས་ཁག་དང་། དེ་བཞིན་ཡུལ་མི་ཚོའི་སྡོད་ཁང་ཁག་གི་ནང་འགྱིག་སྣོད་བཀག་སྡོམ་བྱ་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འདུག

ཧི་མ་ཅལ་མངའ་སྡེའི་ནང་འགྱིག་སྣོད་རིགས་ཇི་འདྲ་ཞིག་ཡིན་རུང་དེ་དག་བཟོ་རྒྱུ་དང་།    ཉར་ཚགས་བྱ་རྒྱུ། བེད་སྤྱོད་བྱ་རྒྱུ། ཚོང་རྒྱུ། མཁོ་སྤྲོད་བྱ་རྒྱུ་སོགས་མཐའ་གཅིག་ཏུ་བཀག་ཡོད་པ་མ་ཟད། འགྱིག་སྣོད་ཀྱི་ཚབ་ཏུ་ཤོག་བུའི་སྣོད་སོགས་བེད་སྤྱོད་བྱེད་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་རེད། གལ་ཏེ་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ། ཚོང་པ། ཚོང་ལས་བསྟི་གནས་ཁག་སུ་རུང་གིས་འགྱིག་སྣོད་བེད་སྤྱོད་ཀྱི་ཁྲིམས་འགལ་རིགས་བྱས་ཚེ་ཧིན་སྒོར་ཆིག་སྟོང་ནས་ལྔ་སྟོང་བར་ཁྲིམས་ཆད་ཕོག་སྲིད་པ་ཡིན་པ་རེད། གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་བྱ་གལ་ཆེ་བའི་བཀའ་སློབ་ལམ་སྟོན་འདས་པའི་ལོ་མང་རིང་འཛམ་གླིང་མི་མང་སྤྱི་དང་། བྱེ་བྲག་ཏུ་བོད་རིགས་གངས་ཅན་པ་རྣམས་ལ་བཀའ་སློབ་ཟབ་མོ་བརྩལ་ཡོད་པ་ལྟར་། བོད་རིགས་ཚོས་ཀྱང་བཀའ་བརྩི་དང་ལེན་གང་ཐུབ་ཅི་ཐུབ་ཞུ་བཞིན་པ་རེད། བཞུགས་སྒར་ཁུལ་དུ་བཙན་བྱོལ་བོད་གཞུང་གི་དབུས་ལྷན་ཁང་ཁག་གི་སྲི་ཞུ་བ་གཙོ་འགྱུར་གྱིས་ལས་ཁུངས་མ་ལག་ཁག་གི་ལས་བྱེད་པ་རྣམས་ལོ་ལྟར་ཁོར་ཡུག་གཙང་བཟོའི་ལས་དོན་འདས་པའི་ལོ་མང་རིང་བཞུགས་གནང་ཡོད་པ་མ་ཟད།    བཙན་བྱོལ་བོད་གཞུང་གཞུང་ཞབས་ཆེ་ཕྲ་ཚང་མས་ལས་དོན་དེའི་ནང་མཉམ་ཞུགས་གནང་སྲོལ་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།