ཧིན་རྡུ་གསར་ཁང་གི་གནས་ཚུལ་རྫུན་མ་རེད་འདུག


2017-01-18
Share
སྐུ་ཞབས་Michael Pillsbury་མཆོག་གི་ངོ་དེབ་དང་གསལ་བསྒྲགས། ༢༠༡༧ སྐུ་ཞབས་Michael Pillsbury་མཆོག་གི་ངོ་དེབ་དང་གསལ་བསྒྲགས། ༢༠༡༧
པར་བཤུས།

ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)ཡི་སློབ་སྟོན་པའི་གྲས་སྐུ་ཞབས་Michael Pillsbury་ཡིས་ཌོ་ནལཌ་ཏྲ་རམཔ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཡོང་རྒྱུར་རྒྱབ་སྐྱོར་ཡོད་པ་མ་ཟད། ཉེ་སྔོན་རྒྱ་གར་Hindu་གསར་ཁང་གིས་དེའི་སྐོར་ཀྱི་གསར་འགྱུར་རྫུན་མ་སྤེལ་བར་སྐྱོན་བརྗོད་བྱས་འདུག
དེ་ཡང་ཉེ་སྔོན་རྒྱ་གར་གྱི་ཧིན་རྡུ་གསར་ཁང་Hindu་ཞེས་བས། ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གི་ཆེ་མཐོའི་སློབ་སྟོན་པ་སྐུ་ཞབས་Michael Pillsbury་ཡིས། ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཡོང་རྒྱུར་ངོས་ལེན་ཞུས་མེད་ཚུལ་དང་། ༧གོང་ས་ཏཱ་ལའི་བླ་མས་རེ་འདུན་བཏོན་པར་Trumpཡིས་ངོས་ལེན་བྱས་མེད་ལུགས་བརྗོད་སྐོར་ལུང་འདྲེན་བྱས་ནས་རྩོམ་ཡིག་ཞིག་བཀོད་ཡོད།
འོན་ཀྱང་འདི་ག་རླུང་འཕྲིན་ཁང་གིས་སྐུ་ཞབས་Michael Pillsbury་ལ་ཐད་ཀར་འབྲེལ་བ་བྱས་ནས་གནས་ཚུལ་རྩད་གཅོད་བྱས་སྐབས། ཁོང་གིས་གནས་ཚུལ་དེ་རྫུན་མ་རེད། ངས་ཧིན་རྡུ་ཞེས་བའི་གསར་ཁང་དེར་འབྲེལ་བ་བྱས་ཡོད། མ་ཟད་ང་རང་གིས་ཨ་རིའི་སྲིད་འཛིན་འོས་ཐོབ་པར་སྐབས་རེར་སློབ་སྟོན་བྱེད་ཀྱི་ཡོད་ཀྱང་གཞུང་འབྲེལ་མིང་བྱང་ཡོད་པའི་སློབ་སྟོན་པ་མིན་ཞེས་ལན་འདེབས་གནང་བྱུང་།
ད་དུང་ཁོང་གིས་ངོ་དེབ་སོགས་དྲ་ལམ་བརྒྱུད་ནས་རྩོམ་ཡིག་དེ་ཕྱིར་བསྡུར་བྱེད་དགོས་པ་མ་ཟད། གསར་འགྱུར་དེ་འདྲ་རྫུས་མ་སྤེལ་བར་སྐྱོན་བརྗོད་དྲག་པོ་གནང་འདུག
ཡང་ཁོང་གིས། ངས་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་མིན་ཤེས་ཀྱི་མེད་ལ། ཁོང་གིས་གནད་དོན་གང་ཅིའི་ཐད་ལ་ཐག་གཅོད་གང་འདྲ་ཡོད་མེད་ཀྱང་བརྗོད་མེད། གསར་འགྱུར་རྫུས་མ་བཀོད་སྤེལ་བྱས་པ་དེའི་ནང་དུ་གསར་འགོད་པས་རྒྱ་ནག་གི་དྲ་རྒྱ་ཞིག་གིས་བརྗོད་པ་ལུང་འདྲེན་བྱས་པ་ལས་ཁོང་གིས་བརྗོད་པ་ཞིག་རེད་མི་འདུག གང་ལྟར་ཀྱང་ངས་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་ཡོང་རྒྱུར་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་Trump་གི་སློབ་སྟོན་པའི་གྲས་སྐུ་ཞབས་Pillsbury་གིས་ཁོང་ལ་གློག་འཕྲིན་བསྐུར་ཏེ་གོང་ཞུས་Hindu་གསར་ཁང་གི་གསར་འགྱུར་དེ་ནི་རྫུས་མ་ཡིན་པ་བརྗོད་པ་དང་སྦྲགས་ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་Trump་རྣམ་གཉིས་མཇལ་འཕྲད་ཡོང་བར་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་ལུགས་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག
གོང་ཞུས་སྐུ་ཞབས་Pillsbury་དེ་སྔ་བཞུགས་སྒར་དུ་ཕེབས་ནས་༢༠༡༡་ལོར་སྲིད་སྐྱོང་བློ་བཟང་སེང་གེའི་ཐེངས་དང་པོའི་སྲིད་སྐྱོང་གི་དམ་འབུལ་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།