ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ཡིན་འདུག

2020-10-12
གློག་འཕྲིན།
མཆན།
Share
པར་བཀོད།
བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱི་ཉེ་པར།
བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཀྱི་ཉེ་པར།
TCHRD

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་བཙོན་གྲོལ་བྱུང་རྗེས་བཤག་བཅོས་སྨན་བཅོས་བྱས་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་གི་ཛ་དྲག་གནས་སུ་ཡོད་འདུག
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་ཀྱིས། དེ་སྔོན་སྐད་འཕྲིན་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་བྱུས་དེའི་ཐོག་དཔྱད་བརྗོད་རྩོམ་ཐུང་ཞིག་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་པའི་རྗེས། སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༢ཚེས་༦ཉིན་ཁོང་བཙོན་ཁང་ནས་གློད་གྲོལ་ཐོབ་ཡོད་ཀྱང་། སྐབས་དེར་ཁོང་གི་གཟུགས་པོའི་གནས་སྟངས་ཛ་དྲག་ཡིན་པའི་དབང་གིས། སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༡ཚེས་༡༤ཉིན་སྨན་ཁང་དུ་ཛ་དྲག་གིས་མཁྲིས་རྡོ་གཤག་བཅོས་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆགས་ཡོད་པ་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོ་སྤྲོད་གནང་སོང་།
གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༧ལོའི་སྤྱི་༥པའི་ཚེས་༣ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཚེ་མགོན་རྒྱལ་ལགས་ལ་ཉན་ཞིབ་བྱས་ཏེ། ཟླ་བ་བརྒྱད་ཀྱི་རྗེས་སུ་དཔྱད་ཁྲ་དངོས་སུ་བཏང་འདུག་པ་དང་། སྤྱི་༢༠༡༨ལོའི་སྤྱི་ཟླ་དང་པོའི་ཚེས་༡༠ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དགུང་ལོ་༥༨ཡིན་པའི་ཚེ་མགོན་རྒྱལ་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ཟི་ལིང་གྲོང་ཁྱེར་གྱི་ཏུང་ཁྲན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། ད་ལྟའི་ཆར་ཚེ་མགོན་རྒྱལ་ལགས་སྨན་ཁང་དུ་ལྷག་ཡོད་པ་ཙམ་མ་ཟད། ཁོང་ལ་ན་ཚའི་དཀའ་ངལ། ཆབ་སྲིད་ཀྱི་དཀའ་ངལ། ལྷག་པར་དུ་ཁོང་གི་ཕ་མ་དང་ཉེ་འབྲེལ་སོགས་ད་སྐབས་དམ་དྲག་ཤུགས་ཆེར་འོག་གནས་ཡོད་པ་འགྲེལ་བརྗོད་གནང་སོང་།
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔ་ཁོང་ལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཁྲིམས་བཤེར་བྱེད་པའི་སྐབས་ཁོང་གི་ཕ་མ་དང་ཉེ་འབྲེལ་ཚོ་སྐད་མ་བཏང་བར་གསང་བའི་སྒོ་ནས་ཁྲིམས་བཤེར་བྱས་པ་མ་ཟད། ཁོང་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པའམ་ཁྲིམས་བཤེར་ཕྱི་གསལ་ནང་གསལ་གྱི་ཐོབ་ཐང་གང་ཡང་སྤྲད་མེད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཚེ་མགོན་རྒྱལ་ལགས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་ནི་རྒྱ་ནག་རང་ཉིད་ཀྱི་ཁྲིམས་དང་འགལ་ཡོད་པ་མ་ཟད། རྒྱལ་སྤྱིའི་སྨྲ་བརྗོད་རང་དབང་དང་ཡོངས་སུ་འགལ་ཡོད་པ་བརྗོད་འདུག

ཡང་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ད་བར་བཙོན་འཇུག་བྱས་པའི་བོད་པའི་ཆབ་སྲིད་བཙོན་པ་མང་ཆེ་བ་ནི་ཆབ་སྲིད་ཀྱི་ཉེས་བཙུགས་བྱས་ཏེ་བཙོན་འཇུག་བྱས་ཡོད་པ་མ་ཟད། བཙོན་ཁང་ནང་དུ་ཡང་རང་ཉིད་ལ་ཉེས་བཙུགས་བྱས་པའི་གནད་དོན་དེ་དག་ཁས་མ་ལེན་བར་དུ་ཉེས་རྡུང་ཚབ་ཆེན་བཏང་སྟེ་མཐར་བོད་མི་དེ་དག་དབང་པོ་སྐྱོན་ཅན་དང་། དྲན་ཤེས་མེད་པ་གྱུར་གྱི་ཡོད་པ་འགྲེལ་བརྗོད་གནང་ཡོད།

ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི་སློབ་ཆེན་མཐར་ཕྱིན་རྗེས་ས་གནས་སུ་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་བ་དང་། ལས་ཞོར་དུ་༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་སྟེ་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་ཐོབ་པ་དང་། ༡༩༩༩ལོར་ཁོང་བཙོན་གྲོལ་ཐོབ་རྗེས་རྐང་ཚ་དཀྱིལ་དུ་དབང་པོ་སྐྱོན་ཅན་གྱི་ལས་གཞི་ཞིག་འགོ་བཙུགས་ཡོད་པ་མ་ཟད། དབང་པོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་ཀྱང་བཙུགས་ཏེ་རྒྱ་ནག་ནང་འཁྲབ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགོག་རྐྱེན་སྣ་མང་བཟོས་སྟབས་ཚོགས་པ་དེ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་བྱུང་ཡོད་འདུག་ལ་ཁོང་དེ་སྔོན་༡༩༩༤་ལོར་ཡང་ཆབ་སྲིད་ཀྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་མྱོང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།