སློབ་མ་ཚེ་རིང་ནོར་བུ་ལ་གསེར་གྱི་རྟགས་མ་གཉིས་ཐོབ་འདུག

2016-12-19
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་མ་ཚེ་རིང་ནོར་བུ་ལགས།
སློབ་མ་ཚེ་རིང་ནོར་བུ་ལགས།
མཐུན་འགྱུར་པར་རིས།

རྒྱ་གར་གྱི་བྷ་རོ་ཀྲ་Baroda་གཙུག་ལག་སློབ་ཆེན་མོའི་སློབ་ཐོན་མཛད་སྒོའི་ཐོག་བོད་རིགས་སློབ་མ་ཚེ་རིང་ནོར་བུ་ལགས་སུ་གསེར་གྱི་རྟགས་མ་གཉིས་ཐོབ་འདུག
དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་Times of India་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་བྷ་རོ་ཀྲ་Baroda་གཙུག་ལག་སློབ་ཆེན་མོའི་སློབ་ཐོན་མཛད་སྒོའི་ཐོག་བོད་རིགས་སློབ་མ་ཚེ་རིང་ནོར་བུ་ལགས་སུ་ཆབ་སྲིད་ཚན་རིག་རབ་འབྱམས་པའི་བསླབ་པ་མཐར་ཕྱིན་དང་། གཟེངས་སུ་ཐོན་པའི་གསེར་གྱི་གཟེངས་རྟགས་གཉིས་ཐོབ་ཡོད་པ་རེད། གཞན་ཡང་རྒྱ་གར་གྱི་མི་སེར་དཀྱུས་མ་ཞིག་གི་བུ་Nariyani་ཟེར་བ་ཞིག་ལ། མཚན་ཉིད་རིག་པའི་བསླབ་པ་མཐར་ཕྱིན་ཞིང་གྲུབ་འབྲས་གཟེངས་སུ་ཐོན་པའི་གསེར་གྱི་བྱ་དགའ་ཞིག་ཀྱང་ཐོབ་ཡོད་པ་རེད་འདུག
བོད་རིགས་སློབ་མ་ཚེ་རིང་ནོར་བུ་ལགས་ནི། སྤྱི་ལོ་༢༠༠༠་ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་པ་ཞིག་དང། ཁོང་རྒྱལ་ས་ལྡི་ལིའི་མཐོ་སློབ་ཏུ་ལོ་གསུམ་སློབ་གྲ་འགྲིམས་པའི་རྗེས་སུ། རྒྱ་གར་གྱི་མ་ཧ་ར་ཤི་གྲ་མངའ་སྡེའི་ནང་གཙུག་ལག་རམ་འབྱམས་པའི་ཆབ་སྲིད་ཚན་རིག་པའི་ཐོག་སློབ་སྦྱོང་གནང་ཡོད་པ་རེད་འདུག
གནས་ཚུལ་ནང་། ད་ཐེངས་གསེར་གྱི་གཟེངས་རྟགས་ཐོབ་མཁན་སློབ་མ་དེ་གཉིས་ནི། དཀའ་སྤྱད་སྙིང་རུས་ཁོ་ནར་བརྟེན་ནས་སློབ་སྦྱོང་གི་འབྲས་བུ་ཕུལ་དུ་བྱུང་བ་ཐོབ་མཁན་ཞིག་རེད་ཅེས་བརྗོད་འདུག
བོད་རིགས་སློབ་མ་ཚེ་རིང་ནོར་བུ་ལགས་ཀྱིས། རྒྱ་གར་གཞུང་གིས་བོད་རིགས་སྐྱབས་བཅོལ་སློབ་མ་ཚོར་ཕྱི་མིའི་ཁོངས་སུ་མ་བརྩིས་བར་རྒྱ་གར་གྱི་སློབ་མ་ཚོ་དང་གཅིག་མཚུངས་ཀྱིས་སློབ་ཡོན་ལེན་ཞིང་། དེ་འདྲའི་སློབ་སྦྱོང་གི་གོ་སྐབས་གནང་བར་དཀའ་དྲིན་ཆེ་ཅེས་དང་། བོད་ནང་རྒྱ་ནག་གཞུང་གི་སྲིད་ཇུས་དེས་བོད་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། བོད་རིགས་ན་གཞོན་ཚོར་བོད་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་དཀའ་ཞིང་། བོད་མིའི་ངོ་བོ་དང་རིག་གཞུང་ཆོས་ལུགས་སྐད་ཡིག་སོགས་ཉམས་རྒུད་འགྲོ་བའི་བཞིན་པའི་སྒང་། སྤྱི་ལོ་༢༠༠༨་ལོའི་རྗེས་ནས་རྒྱ་གར་དུ་འགྲོ་མཁན་བོད་རིགས་ཚོར་རྒྱ་ནག་གིས་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་བོད་ནང་ལྷག་པའི་ཁོང་གི་ཕ་མ་ཚོ་མི་ཚེ་འདིའི་ནང་ཐུག་འཕྲད་ཡོང་རྒྱུ་ཁག་པོ་ཡིན་པར་ཡང་གསུངས་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།