གཞིས་བཞུགས་བོད་མི་ཚོས་རེ་བ་གནང་པ་བཞིན་མགྱོགས་མྱུར་གཞིས་བྱེས་མཉམ་འཛོམས་ཡོང་སླད་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་དབུས་གཞོན་ནུ་ལྷན་ཚོཊ་ཀྱི་ཚོགས་གཙོས་གསུངས་འདུག
གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་ཞེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་སྒང་ཏོག་ནང་འཚོགས་བཞིན་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ ཐོག་གསུངས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ དེ་བཞིན་ཕྱི་ཟླ་ ༨ ཚེས་ ༦ ནས་ ༡༠ བར་ཉིན་གྲངས་ལྔའི་རིང་རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་འབྲས་གཞུང་ (Chintan Bavan) ཞེས་པའི་ཚོགས་ཁང་དུ་ཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་གཞུང་གྲོང་གསེབ་བཟོ་ལས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བྷོ་ཊི་ཡ་ཆུང་ཆུང་ལགས་ཀྱིས་གཙོས་དམིགས་བསལ་སྐུ་མགྲོན་དུ་འཕགས་བོད་མཛའ་འབྲེལ་ཚོགས་པའི་དབུས་རྒྱུན་ལས་ རུདྷ་ར་ པའོ་ཌིཡཱལ་ (Rudra Poudyel) ལགས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་འཛིན་སྐྱོང་དྲུང་ཆེ་ཟུར་པ་ལེབ་ཆ་ཚེ་རིང་དབང་ཕྲུག་ལགས། སྒང་ཏོག་ས་གནས་འགོ་འཛིན་དང་བོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། གཞོན་ནུ་ལྷན་ཚོགས་ཀྱི་དབུས་དང་ས་གནས་ཁག་ ༣༨ ནས་ཚོགས་མི་གྲངས་ ༢༡༠ ལྷག་ལྷན་འཛོམས་གནང་འདུག
སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ད་རེས་འགན་འཛིན་ལྷན་ཚོགས་ཐེངས་ ༥༤ དེ་བཞིན་བོད་དང་ས་ཐག་ཉེ་བའི་འཕགས་བོད་ས་མཚམས་ས་ཁུལ་འབྲས་ལྗོངས་ནང་ཚོགས་བཞིན་ཡོད་པ་དང་། ས་ཁུལ་འདི་ནས་ "ང་ཚོས་དགྲ་བོ་རྒྱ་དམར་གཞུང་ལ་བརྡ་ལན་གཙོ་བོ་བོད་དོན་བདེན་མཐའ་མ་གསལ་གྱི་བར་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོས་ལས་འགུལ་མུ་མཐུད་དུ་སྤེལ་རྒྱུ་དང་། ལྷག་པར་གཞིས་བཞུགས་བོད་མི་ཚོས་རེ་བ་གནང་པ་བཞིན་མགྱོགས་མྱུར་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་ཆེད་དུ་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་" ཞེས་གསུངས་སོང་།
ཡང་སྐུ་མགྲོན་གཙོ་བོ་འབྲས་གཞུང་གྲོང་གསེབ་བཟོ་ལས་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བྷོ་ཊི་ཡ་ཆུང་ཆུང་ལགས་ཀྱིས་བལ་པོའི་སྐད་ཐོག སྒང་ཏོག་ས་གནས་གཞོན་ནུའི་ངོས་ནས་ད་བར་མངའ་སྡེའི་ནང་སྤྱི་ཚོགས་ལ་ཕན་པའི་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་བཞིན་པར་འབྲས་ལྗོངས་གཞུང་མང་གཉིས་ཀྱི་ངོས་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བོད་མི་རྣམས་ས་ཁུལ་གང་དུ་གནས་ཀྱང་ས་ཁུལ་འདིའི་ཡུལ་མི་ཚོ་ལ་ཕན་པའི་ལས་དོན་གནང་བཞིན་པ་འདི་ནི་བོད་པའི་རིག་གཞུང་ངོ་མ་དེ་རེད། གལ་སྟེ་བོད་པའི་གཞོན་སྐྱེས་ཚོས་མུ་མཐུད་དུ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་འགུལ་སྤེལ་བ་ཡིན་ན་ཉིན་གཅིག་བོད་དོན་བདེན་མཐའ་གསལ་རྒྱུ་ཡིན་པ་གསུངས་སོང་།
དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་འཛིན་སྐྱོང་དྲུང་ཆེ་ཟུར་པ་ལེབ་ཆ་ཚེ་རིང་དབང་ཕྱུག་ལགས་ཀྱིས། བོད་དང་འབྲས་ལྗོངས་བར་ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། དུས་ད་ལྟ་འང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ པྲེམ་སིངྒ་ ཏ་མང་ (Prem Singh Tamang) མཆོག་གིས་ཀྱང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་དང་བོད་མིར་བརྩེ་དུངས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ད་རེས་ཉེ་ཆར་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཡུལ་དུ་ཆེད་དུ་གདན་ཞུ་གནང་བར་ང་ཚོ་འབྲས་ལྗོངས་མི་མང་ཚང་མའི་ངོས་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་དང་། ཉེ་བའི་ཆར་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལེབ་ཆ་རྡོ་རྗེ་ཚེ་རིང་མཆོག་ནས་རྒྱ་གར་གྲོས་ཚོགས་གོང་མའི་ནང་རྒྱ་གར་དང་བོད་གཉིས་ཀྱི་དབར་ས་མཚམས་ཀྱི་ས་འབྲེལ་ཡིན་པ་ལས་རྒྱ་ནག་དང་ས་འབྲེལ་མིན་སྐོར་བརྗོད་ཡོད་པ་དེ་བདེན་པ་རེད། རྒྱ་གར་ལ་དགས་ནས་ཨ་རུ་ནཱ་ཅལ་བར་གྱི་སྤྱི་ལེ་ ༤༠༠༠ ཙམ་གྱི་ས་འབྲེལ་ས་མཚམས་ཡོད་པ་དེ་བཞིན་རྒྱ་གར་དང་བོད་ཀྱི་ས་མཚམས་ཞིག་རེད་ཅེས་གསུངས་གནང་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དགོངས་དོན་བཞིན་ལོ་རེར་འགན་འཛིན་ལྷན་ཚོགས་དང་། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་སྐོང་ཚོགས་གནང་གི་ཡོད་པ་བཞིན། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་གྲོས་གཞི་དོན་ཚན་དགུའི་ཐོག་ཉིན་གྲངས་ལྔའི་རིང་གྲོས་བསྡུར་གནང་སྟེ་ཉིན་མཐའ་མར་གྲོད་ཆོད་གཏན་འབེབས་གནང་རྒྱུ་ཡིན་པ་རེད།།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།