འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་ཐེབས་རྒྱུའི་རེ་བ།

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་འབར་མའི་ནང་གཟིགས་བསྐོར་ཕེབས་ཐུབ་པ་ཡིན་ན་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་ཐེབས་རྒྱུའི་རེ་བ།

༄༅༎ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་འབར་མའི་ནང་གཟིགས་བསྐོར་ཕེབས་ཐུབ་པ་ཡིན་ན་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་ཐེབས་རྒྱུའི་རེ་བ་ཡོད་ལུགས་གསུངས་འདུག

ཨ་མི་རི་ཀས་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་འབར་མའི་དྲག་པོའི་སྲིད་གཞུང་ལ་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏང་དགོས་པ་དང་ལྷག་པར་དུ་མང་གཙོའི་ལམ་ལུགས་སུ་གོམས་པ་མདུན་བསྐྱོད་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གནོན་ཤུགས་ཇི་ཙམ་སྤྲད་ཀྱང་འབར་མའི་དྲག་པོའི་གཞུང་གིས་ཡ་ལན་ཡག་པོ་ཞིག་སྤྲད་ཀྱི་མེད་པ་རེད། ཁ་ས་རེས་གཟའ་ཟླ་བའི་ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་འབར་མའི་ལས་དོན་གྱི་སྐུ་ཚབ་ཕ་སི་ནོ་མཆོག་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཕེབས་པའི་སྐབས་གསར་འགོད་པ་ཚོར་གསུངས་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་ནས་ཉེ་ཆར་འབར་མའི་ནང་གཟིགས་བསྐོར་ཕེབས་རྒྱུའི་དགོངས་ཚུལ་གསུངས་པ་དེས་འབར་མའི་དྲག་པོའི་སྲིད་གཞུང་ནས་ཕྱོགས་འགལ་མང་གཙོ་ཚོགས་པ་དང་གཞན་ཡང་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་ཚོ་དང་མཉམ་དོན་དམ་པའི་ཐོག་ནས་གྲོས་མོལ་བྱ་རྒྱུར་གནོན་ཤུགས་ཆེན་པོ་ཐེབས་པའི་རེ་བ་ཡོད་རེད། འོན་ཀྱང་ཁུལ་དེར་གཟིགས་བསྐོར་མ་ཕེབས་པའི་གོང་འཆར་གཞི་དང་ལྡན་པའི་ཐོག་ནས་ཕེབས་དགོས་ཀྱི་རེད་ཅེས་དགོངས་ཚུལ་གསུངས་གནང་འདུག

ཡུ་རོབ་སྤྱི་མཐུན་ཚོགས་པའི་འབར་མའི་ལས་དོན་གྱི་སྐུ་ཚབ་ཕ་སི་ནོ་མཆོག་དེང་སང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་འབར་མའི་གནད་དོན་ཐོག་ལངས་ཕྱོགས་གཅིག་མཚུངས་འཛིན་ནས་འབར་མའི་དྲག་པོའི་གཞུང་ལ་གནོན་ཤུགས་ཆེ་ཙམ་སྤྲོད་ཐབས་སུ་ལས་འགུལ་སྤེལ་རྒྱུའི་ཆེད་གཟིགས་བསྐོར་གནང་བཞིན་ཡོད་པ་རེད་ལ་ཉེ་ཆར་རྒྱལ་ཁབ་ཀྱི་དབུ་འཁྲིད་ཟུར་པ་བརྒྱ་སྐོར་ཞིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་འབར་མའི་ནང་གཟིགས་བསྐོར་ཕེབས་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་དང་དེའི་ཁོངས་སུ་ཨ་རིའི་སྲིད་འཛིན་ཟུར་པ་འཇོརཇ་སྦུ་ཤི་མཆོག་དང་ཇི་མི་ཀ་ཀྲར་མཆོག།ཨུ་རུ་སུའི་སྲིད་འཛིན་ཟུར་པ་གོང་སྦ་ཅོལྦ།ཨོ་སེ་ཀྲེ་ལི་ཡའི་སྲིད་བློན་ཟུར་པ་ཧ་ལྦདྲ།ཉི་ཧོང་གི་སྲིད་བློན་ཟུར་ཀའོ་ཛུ་མི་སོགས་ཡོད་པ་རེད། འབར་མ་ནི་ད་ལྟའང་དྲག་པོའི་གཞུང་ནས་འཛིན་བཞིན་ཡོད་པ་རེད།