ལི་སྦི་ཡའི་གནད་དོན་ཐོག་རྒྱལ་ཚོགས་ཀྱིས་ཛ་དྲག་གི་ཚོགས་འདུ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ལི་སྦི་ཡ་ཡུལ་གྱི་གནད་དོན་ཐད་དམིགས་བསལ་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས།

2011.02.24

༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཨབ་རི་ཀའི་ལི་སྦི་ཡ་ཡུལ་ནང་གཞུང་ཕྱོགས་ནས་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ལ་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཐད་དམིགས་བསལ་ཛ་དྲག་གི་ཚོགས་འདུ་སྐོང་ཚོགས་གནང་རྒྱུ་དང་ མང་པོས་ཚོགས་འདུ་དེའི་ཐོག་ལི་སྦི་ཡ་རྒྱལ་ཁབ་དེ་བཞིན་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་ནས་ཕྱིར་འབུད་བྱེད་དགོས་པའི་གླེང་སློང་ཡང་བྱེད་ཀྱི་ཡོད་པ་རེད་༎

ལི་སྦི་ཡ་རྒྱལ་ཁབ་དེ་བཞིན་༢༠༡༠ལོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་མི་རྒྱལ་ཁབ་ཆགས་ཡོད་པ་དང་ ཚོགས་མི་རྒྱལ་ཁབ་ཁོངས་སུ་འཛུལ་བཞུགས་ཀྱི་སྙན་ཞུའི་ནང་ལི་སྦི་ཡ་གཞུང་ནས་རྒྱལ་སྤྱིའི་ཁྲིམས་ཡིག་གཞིར་བཟུང་རྒྱལ་ནང་དང་མངའ་ཁུལ་དེ་བཞིན་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད་ ཡིན་ཡང་ཉེ་དུས་ལི་སྦི་ཡ་ནང་མང་ཚོགས་ཀྱི་ཞི་བའི་གྱེན་ལངས་བྱ་སྐབས་ སྲིད་འཛིན་མོའོ་མར་ག་རྡ་ཕི་ཡིས་བཀའ་རྒྱའི་འོག་དྲག་པོའི་སྒྲིག་འཛུགས་ནས་ས་ཐོག་དང་གནམ་ཐོག་ནས་ཞི་བའི་གྱེན་ལངས་པར་དྲག་གནོན་གྱི་མེ་འཕེན་བྱས་ཏེ་ མི་མང་བརྒྱ་ལྷག་དམར་བསད་བཏང་བའི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ནས་བློ་འཚབ་དང་སྐྱོན་བརྗོད་ཤུགས་ཆེ་ཐོན་བཞིན་ཡོད་པ་རེད་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༥༠ཐམ་པས་ལི་སྦི་ཡ་གཞུང་གི་བྱ་སྤྱོད་ཐད་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་དགོས་པའི་དགོས་འདུན་སྟོན་པ་བཞིན་ལྷན་ཚོགས་གནང་རྒྱུ་ཡིན་འདུག་ལ་ ལྷན་ཚོགས་དེའི་བརྒྱུད་ལི་སྦི་ཡའི་གནས་སྟངས་ལ་རྒྱལ་ཚོགས་ཀྱི་སྣེ་འཁྲིད་གནང་པའི་དམིགས་བསལ་ཞིབ་འཇུག་ཐར་སོན་དགོས་པའི་གྲོས་འཆར་འདོན་རྩིས་ཡོད་པ་རེད་ ཡིན་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ཐེ་བས་གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་མང་པོས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ལི་སྦི་ཡ་ཐོག་སྐྱོན་བརྗོད་དང་ཞིབ་འཇུག་གི་གྲོས་ཆོད་འཇོག་པའི་ཁར་ལི་སྦི་ཡ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཁོངས་ནས་ཕྱིར་འབུད་གཏོང་དགོས་པའི་སྐོར་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་ཞུ་ཡིག་ཕུལ་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎