རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་འདོན་སྤེལ།
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་གཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བསྐྱོན་བརྗོད་གནང་ཡོད་འདུག
-
2011-11-04 -
-
-
༄༅༎རྒྱ་ནག་ནང་འགྲོ་བ་མིིའི་ཐོབ་ཐང་དང་ཁྲིམས་ལུགས་དབར་བསྒྱུར་ཐོག་བལྟ་ཞིབ་གནང་མཁན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་མཉམ་འབྲེལ་ཚོགས་ཆུང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེའི་སྐོར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་སར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་གཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བསྐྱོན་བརྗོད་གནང་ཡོད་འདུག
སྙན་ཐོ་དེའི་ཐོག་ཕྱི་ཚེས་༣ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་་ཉན་ཞིབ་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡདོ་པ་དང་ དེའི་ཐོག་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཛིན་རོ་སེ་ལེ་ཀྲིཡེན་དང་དེ་མིན་ཚོགས་མི་ཚོ་ཚོགས་བཞུགས་ཀྱིས་ ཉན་ཞིབ་ལྷན་ཚོགས་དེའི་ཐོག་འགན་འཛིན་ལེ་ཀྲིའེན་ཡིས་ གྲོས་ཚོགས་ཕྱི་འབྲེལ་ཚོགས་ཆུང་གིས་བཏོན་པའི་ཉིས་སྟོང་བཅུ་གཅིག་ལོའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་བསྒྱུར་གྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་དེའི་ཐོག་ཉན་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་སི་མིཐ་དང་ཕྱག་རོགས་སྐུ་ཞབས་སྦ་རའོན་སོགས་ཚོགས་མི་ཚོས་ཕྱག་ལས་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་འབྲེལ་ སྐུ་ཞབས་སི་མིཐ་ནས་རྒྱ་ནག་གི་དཔོན་རིགས་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་རྡོག་རོལ་གཏོང་ཡས་ཀྱི་གནས་སྟངས་ཐོག་དེ་སྔོན་དང་མི་བསྡད་པར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་ ཁོང་ཚོས་རང་ཉིད་ཀྱིས་ཁས་ལེན་བྱས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཆིངས་ཡིག་ཁག་ལ་རྩིས་མེད་ཀྱིས་ རྒྱ་ནག་གི་སྤྱི་ཚོགས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་གསུང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དབུ་ཁྲིད་བོད་དོན་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ཡིས་བོད་ཀྱི་གནད་དོན་ཐོག་ཕྱི་འབྲེལ་ཚོགས་ཆུང་གིས་དོ་སྣང་གནང་དགོས་པའི་གནད་དོན་ཁག་ཅིག་གསལ་སྟོན་གནང་ཡོད་པ་དང་ འདས་པའི་ལོ་གཅིག་ནང་བོད་མི་ཚོས་ཞི་བའི་ཐོག་ནས་རྒྱ་ནག་གི་སྲིད་བྱུས་འཛིན་ཕྱོགས་ལ་མི་འདོད་པའི་རྣམ་འགྱུར་བཏོན་པར་ ཉེས་ཆད་དྲག་པོ་བཏང་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ལུགས་རང་དབང་ཐོབ་ཐང་ལ་ཡང་དམ་དྲག་གནོན་བྱས་ནས་ དགོན་སྡེ་ཁག་ནང་ རྒྱ་ནག་གི་བདེ་འཇགས་དམག་མིས་དམ་བསྒྲཌ་བྱེད་བཞིན་ཡོད་པའི་ཁར་བོད་མི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་སོགས་གང་བྱུང་གིས་འཛིན་བཟུང་དོ་དམ་བྱེད་ཀྱི་ཡོད་པ་དང་ ལྷག་དོན་ཉེ་བའི་ཆར་མདོ་སྟོད་སྨད་གཉིས་ཀྱི་ས་གནས་ནང་བོད་མི་ཁག་ཅིག་གིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་སྟངས་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་སོགས་ཀྱི་སྐོར་གསལ་སྟོན་གནང་ཡོད་དང་དུས་མཚུངས་ ད་ལྟའི་བོད་ནང་གི་ཛ་དྲག་གི་དཀལ་ངལ་སེལ་ཐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དོན་ཕན་ལྡན་པའི་རྒྱ་ནག་གཞུང་དང་ལྷན་དུ་ཕྱག་ལས་གནང་ཐུབ་རྒྱུར་ཨ་རི་གཞུང་གིས་ཡིད་ཆེས་གནང་གི་ཡོད་ཅེས་གསུང་འདུག