རྒྱ་ནག་ནི་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་མཁན་གྲས་སུ་ངོས་འཛིན་དགོས་པ་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣས་བརྗོད་འདུག

2024.12.23
རྒྱ་ནག་ནི་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་མཁན་གྲས་སུ་ངོས་འཛིན་དགོས་པ་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣས་བརྗོད་འདུག དབྱིན་ཡུལ་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་གྲོས་ཚོཊ་འཐུས་མི་ པྲི་ཏི་པ་ཊེལ་(Priti Patel)ལགས། ༠༤།༢༠༢༢
AP

ཉེ་ལམ་རྒྱ་ནག་པེ་ཅིང་གཞུང་དང་འབྲེལ་བ་དམ་ཟབ་ཡོད་མཁན་ ཡང་ ཏེང་པོ་ (Yang Tengbo) ཞེས་པའི་རྒྱ་རིགས་ཤིག་གིས་དབྱིན་ཡུལ་དུ་ཚོང་པ་ཡིན་ཚུལ་གྱིས། དབྱིན་ཡུལ་གྱི་རྒྱལ་སྲས་ ཨེན་ཌྲུསི་ (Prince Andrews) ལ་སོགས་པའི་མཐོ་རིམ་མི་སྣ་ཁག་དང་འབྲེལ་འདྲིས་བྱས་ཏེ། རྒྱ་ནག་གཞུང་གི་ཆེད་གསང་ཉུལ་གྱི་ལས་དོན་སྒྲུབ་གྱི་ཡོད་པའི་ཉེས་མིང་འོག་དབྱིན་ཡུལ་ནང་ཕྱིར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་བྱུང་པ་དང་འབྲེལ། ༢༠༢༤ ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན། དབྱིན་ཡུལ་གྱི་ནང་སྲིད་དྲུང་ཆེ་ཟུར་པ་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འཐུས་མི་པྲི་ཏི་ པ་ཊེལ་ (Priti Patel) ལགས་ཀྱིས་རྒྱ་ནག་ནི་དབྱིན་ཡུལ་གྱི་བདེ་འཇགས་ཐད་ཉེན་ཁ་ཆེ་ཤོས་ཡོད་མཁན་གྲས་སུ་འཇོག་དགོས་པ་དང་། ད་ལྟའི་ངལ་རྩོལ་ (Labour) ཆབ་སྲིད་ཚོགས་པའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་རྒྱ་ནག་དང་ཚོང་འབྲེལ་བྱེད་རྒྱུ་གལ་ཆེ་བར་བརྩི་བཞིན་ཡོད་པ་བརྗོད་འདུག
ཉེ་ལམ་དབྱིན་ཡུལ་གྱིས་ཕྱི་མི་ཞིབ་བཤེར་གནས་སྤོ་ཁྲིམས་ཞིབ་ཁང་གིས་ཨང་རྟགས་ (H6) ཅན་གྱི་རྒྱ་ནག་གི་མི་སེར་ཞིག་དབྱིན་ཡུལ་ནང་ཡོང་མི་ཆོག་པའི་བཀག་སྡོམ་ཉེས་ཆད་ཕྱིར་བསྒྲགས་བྱས་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐད་ཞིབ་འཇུག་བྱས་པ་བརྒྱུད་ (H6) ཞེས་པ་དེ་ནི་རྒྱ་མི་ ཡང་ ཏེང་པོ་ (Yang Tengbo) ཞེས་པ་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད་ལ། གྲོས་ཚོགས་འཐུས་མི་པྲི་ཏི་ པ་ཊེལ་ལགས་ཀྱི་མུ་མཐུད་དུ། འདས་པའི་ལོ་བཅུ་གྲངས་ཤིག་ནས་ང་ཚོས་རྒྱལ་ཁབ་གྱི་བདེ་འཇགས་དང་ཤེས་ཡོན་གྱི་བདག་དབང་། དེ་བཞིན་དྲྭ་རྒྱའི་ཐོག་འཇབ་རྒོལ་དང་ལྷག་པར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བྱུང་པའི་སྐབས། རྒྱ་ནག་གིས་གནས་ཚུལ་རྫུན་མ་སོགས་མང་དག་ཅིག་སྤེལ་ཏེ་རྒྱལ་ཁབ་མང་པོར་མཉམ་ལས་མི་བྱས་པར་གནོད་སྐྱོན་ཚབས་ཆེན་གཏོང་མཁན་ཞིག་ཡིན་སྟབས། ད་ཆ་ང་ཚོས་རྒྱ་ནག་ནི་ལུང་པ་གཞན་དང་མི་འདྲ་བའི་གཞུང་ཞིག་དང་ཐུགས་བསྡད་པ་ཤེས་དགོས་ལ། རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱ་ ཊིག་ཊོག་ (Tik Tok) ལའང་བཀག་བསྡོམས་བྱེད་དགོས་སྐོར་གསུངས་འདུག
ལོ་ན་ ༥༠ ཡིན་པའི་རྒྱ་རིགས་ ཡང་ ཏེང་པོ་ (Yang Tengbo) ནི། ཕྱི་ལོ་༢༠༡༩ ལོར་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ ཌེ་ཝིཌི་ ཀེམ་རོན་ (David Cameron) དང་ ཊེརེ་ས་ མཡེ་ (Teresa May) གཉིས་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན། (Huarenbang) སྟེ་རྒྱ་མི་རིགས་ཀྱི་མིག་དཔེ་ཞེས་པའི་ཆེད་བསྟོད་གཟེངས་རྟགས་སྤྲད་མྱོང་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། རྒྱ་རིགས་ ཡང་ ཏེང་པོ་ (Yang Tengbo) ལ་ཆེ་བསྟོད་ངོས་འཛིན་གྱི་བྱ་དགའ་སྤྲོད་མཁན་ཚོགས་པ་དེ་ནི། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཡོད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དག་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནི། ཕྱིའི་རྒྱལ་ཁབ་ཁག་ཏུ་གསང་མྱུལ་དང་ཤུགས་རྐྱེན་ཡོད་པའི་ལས་དོན་སྤེལ་མཁན་གྱི་རྒྱ་ནག་གཞུང་གི་ལས་ཁུངས་ཤིག་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།།


གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎