འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་སྤེལ་ནས་ལོ་ངོ་༦༠འཁོར་བ།

ཨི་ཊ་ལིའི་རང་སྐྱོང་ས་ཁུལ་ནང་གོ་སྒྲིག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཐོག་བོད་རིགས་མཉམ་ཞུགས་གནང་ཡོད་པ་རེད།

༄༅༎རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་ཉིན་ཨི་ཊ་ལིའི་རང་སྐྱོང་ས་ཁུལ་ལྷོ་ཀྲའེ་རོལ་ནང་གི་ཀྲུའུ་རིན་གྲོང་ཁྱེར་དུ་གོ་སྒྲིག་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཐོག་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་བསྟན་འཛིན་འསམ་འཕེལ་ལགས་མཉམ་ཞུགས་གནང་ཡོད་པ་རེད།

ལས་དོན་ལྷན་ཚོགས་དེའི་ནང་བོད་དང་ཡུའུ་གན་དྲ།ཆི་ལེ།མེཀ་སི་ཀོ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་ཁག་ཅིག་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་ཨི་ཊ་ལི་མཉམ་འབྲེལ་ཚོགས་པ་བཅས་འདུ་འཛོམས་ཀྱིས་ཕྱོགས་ཕན་ཚུན་བར་ལ་སོ་སོའི་མི་རིགས་ཚོས་མྱོང་བཞིན་པའི་དཀའ་སྡུག་སྐོར་ངོ་སྤྲོད་དང་གོ་རྟོགས་སྤེལ་རེས་གནང་ཡོད་པ་རེད། ལྷན་ཚོགས་དེའི་ནང་ཕེབས་པའི་རྒྱལ་ཁབ་སོ་སོའི་སྐུ་ཚབ་ཀྱི་ངོས་ནས་འབྲེལ་ཡོད་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་མེཀ་སི་ཀོ་ནང་བུད་མེད་དམར་གསོད་གཏོང་བའི་བྱ་སྤྱོད་སྐོར་དང་ཆི་ལེ་ནང་མི་དམངས་ཐོག་སྡུག་སྦྱོང་མནར་གཅོད་གཏོང་བའི་བྱ་སྤྱོད།ཡུའུ་གན་ཌ་ནང་ཕྲུ་གུ་དམག་འཁྲུགས་ནང་བཙན་ཁྲིད་བྱེད་པའི་བྱ་སྤྱོད།བོད་ནང་རྒྱ་ནག་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པའི་སྐོར་གཏམ་བཤད་བྱས་ཡོད་པ་རེད།

ལྷག་པར་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང་གྲངས་ཆུང་གཉིས་དམར་གསོད་བཏང་བ་དང་དགོན་སྡེ་དྲུག་སྟོང་ལྷག་རྩ་གཏོང་བཏང་ཡོད་ཀྱང་ད་དུང་རྒྱ་ནག་ཕྱོགས་ནས་བོད་ནང་ཆོས་ལུགས་རང་དབང་ཡོད་པ་དང་སྨྲ་བརྗོད་རང་དབང་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ནའང་དོན་དངོས་ཐོག་བོད་མི་ཚོར་ཐོབ་ཐང་རྣམས་རྩ་བ་ནས་མེད་པའི་སྐོར་གསལ་བཤད་གནང་ཡོད་པ་རེད།