ཨ་རིས་རྒྱ་ནག་གི་བྱ་སྤྱོད་ཐད་ནས་ཨོསི་ཊརེ་ལི་ཡ་ཁེར་རྐྱང་དུ་འཇོག་རྒྱུ་མིན་པ་གསལ་སྟོན།

2021-05-14
Share
ཨ་རིས་རྒྱ་ནག་གི་བྱ་སྤྱོད་ཐད་ནས་ཨོསི་ཊརེ་ལི་ཡ་ཁེར་རྐྱང་དུ་འཇོག་རྒྱུ་མིན་པ་གསལ་སྟོན། ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Marise Payne)་དང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony Blinken)་ལགས་གཉིས་ཨ་རིའི་རྒྱལ་སར་། ༥།༡༣།༢༡
AFP

རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡ་གཞུང་ལ་དཔལ་འབྱོར་གྱི་བཙན་སྐུལ་དབང་ཡོད་གཏོང་བཞིན་པ་ཨ་རིའི་གཞུང་གིས་དེ་མུར་འཇོག་རྒྱུ་མིན་པ་བརྗོད་འདུག
ད་རེས་ཨ་རིའི་ནང་གཟིགས་སྐོར་དུ་ཕེབས་པའི་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Marise Payne)་ལྷན་དུ་འདི་ཚེས་༡༣་ཉིན་གསར་འགོད་ལྷན་ཚོགས་སྐབས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony J. Blinken)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡ་(Australia)་གཞུང་ལ་དཔལ་འབྱོར་གྱི་དབང་ཡོད་བྱེད་བཞིན་པའི་བྱ་སྤྱོད་དེ་མུར་འཇོག་ཐབས་མེད་པ་དང་། དེ་རིགས་ཀྱིས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུའི་ཐོག་འགོག་རྐྱེན་བཟོ་བཞིན་འདུག་ཅེས་དང་། ད་དུང་ཁོང་གིས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་(Australia)་ཨོསི་ཊརེ་ལི་ཡའི་རྒྱབ་རྩར་ཨ་རི་ལངས་ཡོད་ཅེས་བརྗོད་འདུག
རྒྱ་ནག་གཞུང་གིས་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་ཡོད་དང་ཐུབ་ཚོད་གཏོང་ཐབས་བྱེད་བཞིན་པར་ཨ་རིས་སྐྱོན་བརྗོད་དང་སྦྲགས། ཨ་རིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་གོང་མཐོར་བཏང་ནས་རྒྱ་ནག་གི་སྟོབས་ཤུགས་རྒྱས་བཞིན་པར་འགོག་རྒོལ་བྱེད་ཀྱི་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བ་དང་ལྷན་དུ། ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་ནང་རྒུན་ཆང་དང་རྡོ་སོལ་གཙོས་པའི་དངོས་རྫས་མང་པོ་ཞིག་ཕྱིར་འདྲེན་གྱི་ཐོག་རྒྱ་ནག་གཞུང་གིས་བཀག་སྡོམ་ཉེས་ཆད་བཅད་ཡོད་པ་རེད། ལྷག་པར་དུ་༢༠༢༠་ནང་ཡུལ་གཉིས་ཀྱི་ཕྱི་འབྲེལ་སྡུག་ཏུ་ཕྱིན་ནས། ཨོསི་ཊརེ་ལི་ཡའི་ཚོང་དོན་བློན་ཆེན་རིམ་པས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་ལྷན་དུ་ཁ་པར་གྱི་འབྲེལ་ལམ་ཙམ་ཡང་བྱེད་མ་ཐུབ་པ་གྱུར་ཡོད་ཅིང་། བདུན་ཕྲག་སྔོན་མ་ནས་བཟུང་རྒྱ་ནག་གཞུང་གིས་ཨོསི་ཊརེ་ལི་ཡ་དང་མཉམ་དུ་ཚོང་དོན་གྱི་གྲོས་མོལ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད།
ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་རྒྱ་ནག་གི་ཧཱ་ཝེ་(Huawei)འཕྲུལ་རིག་བཟོ་རྩལ་ཁང་གི་དྲ་རྒྱའི་བརྡ་རྟགས་ཐོན་གསར་(5-G)་བེད་སྤྱོད་གཏོང་རྒྱུ་ཡོངས་གྲགས་བཀག་སྡོམ་བྱས་བ་དང་། དེ་ནི་འཛམ་གླིང་ནང་རྒྱ་ནག་གི་(5G)་བཀག་སྡོམ་བྱེད་མཁན་རྒྱལ་ཁབ་དང་པོའི་གྲས་ཡིན་པ་རེད། དེའི་ཐོག་ལོ་སྔོན་མར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་རྩ་གང་ནས་ཡིན་མིན་རང་དབང་གི་སྒོ་ནས་ཞིབ་འཇུག་དགོས་ལུགས་བརྗོད་པར་བརྟེན་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་ལང་ཡོད་པ་རེད།
ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་དང་མཉམ་དུ་དོན་སྙིང་ལྡན་པའི་འབྲེལ་ལམ་ཡོང་རྒྱུའི་འདུན་པ་ཡོད་ལུགས་གསལ་སྟོན་དང་སྦྲགས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ཀྱི་གནད་དོན་ལ་ཐུག་དུས་རྒྱ་ནག་དང་བསྟུན་མཁས་འགྲིག་ཐབས་བྱེད་མི་སྲིད་པ་མ་ཟད། ཨོསི་ཊརེ་ལི་ཡ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མུ་མཐུད་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་ལ་ཕོག་ཐུག་འགྲོ་བའི་ལས་དོན་ཐད་འགྱོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།