རྒྱ་ནག་གི་མཚོ་དམག་རྒྱ་བསྐྱེད་དང་བསྟུན་ཨ་རིས་ཨོསི་ཊརེ་ལི་ཡར་མཚོ་ཁུལ་བདེ་སྲུང་ཐད་རོགས་རམ་བྱེད་ཀྱི་ཡོད་འདུག

2021-09-16
Share
རྒྱ་ནག་གི་མཚོ་དམག་རྒྱ་བསྐྱེད་དང་བསྟུན་ཨ་རིས་ཨོསི་ཊརེ་ལི་ཡར་མཚོ་ཁུལ་བདེ་སྲུང་ཐད་རོགས་རམ་བྱེད་ཀྱི་ཡོད་འདུག ཨ་རི་དང་དབྱིན་ཡུལ། ཨོསི་ཊརེ་ལི་ཡ་རྒྱལ་ཁབ་་གསུམ་གྱི་དབུ་ཁྲིད་གསུམ་དྲ་ལམ་བརྒྱིུད་མཇལ་མོལ་སྐབས། ༩།༡༥།༢༡
Reuters

རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་རྒྱ་བསྐྱེད་དང་འབྲེལ་ཨ་མི་རི་ཀས་ཨོསི་ཊརེ་ལི་ཡར་མཚོ་འོག་གི་རྡུལ་ཕྲན་གྲུ་གཟིངས་ཀྱི་འཕྲུལ་ལས་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག
དེ་ཡང་དེང་སྐབས་རྒྱ་ནག་གཞུང་གིས་མཚོ་དམག་གི་སྟོབས་ཤུགས་རྒྱ་བསྐྱེད་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སོགས་ཀྱི་ནང་ཕྱོགས་གང་ས་ནས་གནོན་ཤུགས་སྤྲོད་བཞིན་པའི་གནས་སྟངས་འོག ཨོསི་ཊརེ་ལི་ཡར་(Australia)་ཉེན་ཁ་ཆགས་བཞིན་པར་བརྟེན་ཨ་མི་རི་ཀས་ཨོསི་ཊརེ་ལི་ཡར་རང་སྲུང་ཆེད་མཚོ་འོག་གི་རྡུལ་ཕྲན་གྲུ་གཟིངས་ཀྱི་འཕྲུལ་ལས་ལག་རྩལ་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དེ་ནི་ཉེ་ཆར་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་ལགས་དང་། དབྱིན་ཇིའི་སྲིད་བློན་(Boris Johnson) ཨོསི་ཊརེ་ལི་ཡའི་སྲིད་བློན་(Scott Morrison)་བཅས་ཡུལ་གྲུ་གསུམ་གྱི་དབུ་ཁྲིད་རྣམ་པས་བདེ་སྲུང་གི་ལས་དོན་མཉམ་ལས་ཆེད་འཛུགས་བྱས་ཡོད་པ་གཞིར་བཟུང་། ཨོསི་ཊརེ་ལི་ཡའི་བདེ་སྲུང་ཆེད་དུ་ཨ་མི་རི་ཀས་རྡུལ་ཕྲན་ནུས་ཤུགས་ཀྱི་མཚོ་འོག་གྲུ་གཟིངས་དང་ལག་རྩལ་རོགས་རམ་གནང་གི་ཡོད་པ་ཞིག་ཡིན་འདུག
གོང་གསལ་མཐུན་ཕྱོགས་ཡུལ་གྲུ་གསུམ་པོས་གསལ་སྟོན་གནང་ཡོད་པར། ཨོསི་ཊརེ་ལི་ཡའི་མངའ་ཁུལ་དུ་རྡུལ་ཕྲན་གོ་མཚོན་གྱི་རྟེན་གཞི་བསྐྲུན་གྱི་མེད་ཀྱང་རྒྱ་ནག་གི་ཕྱོགས་ནས་དྲག་པོའི་ཉེན་ཁ་སྲུང་སྐྱོབ་ཀྱི་ཆེད་དུ་རྡུལ་ཕྲན་ནུས་ཤུགས་ལྡན་པའི་མཚོ་འོག་གྲུ་གཟིངས་འགྲེམས་འཇོག་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཨ་མི་རི་ཀའི་སྲིད་འཛིན་གྱིས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཞི་བདེ་དང་། རང་དབང་གི་འགྲོ་བསྐྱོད་སོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྲུང་སྐྱོབ་བྱ་ཆེད། མ་འོངས་པར་ང་ཚོ་ཡུལ་གྲུ་གསུམ་མཉམ་རུབ་ཀྱི་ཐོག་ནས་མངའ་ཁུལ་བདེ་སྲུང་གི་ལས་དོན་མཉམ་དུ་སྤེལ་རྒྱུ་དེའང་གལ་ཆེ་ཡིན་སྐོར་གསུངས་འདུག དེའི་ཐད་ཨོསི་ཊརེ་ལི་ཡའི་སྲིད་བློན་(Morrison)་གྱིས་ཀྱང་ང་ཚོའི་བདེ་སྲུང་གི་ཆེད་དུ་ཨ་རི་དང་དབྱིན་ཡུལ་གཉིས་དང་ཉེ་འབྲེལ་མཉམ་ལས་གནང་རྒྱུ་ཡིན་སྐོར་གསུངས་འདུག
དབྱིན་ཇིའི་སྲིད་བློན་མཆོག་གིས། ཨོསི་ཊརེ་ལི་ཡའི་བདེ་སྲུང་གི་ཆེད་དུ་རྡུལ་ཕྲན་ནུས་ཤུགས་ཀྱི་མཚོ་འོག་གྲུ་གཟིངས་ཀྱི་འཕྲུལ་ལས་ལག་རྩལ་དགོས་ངེས་ཡིན་པ་དེས་རྒྱལ་སྤྱིའི་བདེ་སྲུང་ལའང་ཕན་ཐོག་ཡོད་པ་ཞིག་ཀྱང་ཡིན་ལུགས་གསུངས་འདུག
ཨོསི་ཊརེ་ལི་ཡར་བདེ་སྲུང་གི་ཆེད་དུ་མཚོ་འོག་གྲུ་གཟིངས་ཀྱི་མཐུན་རྐྱེན་དེ་བསྐྲུན་ཐུབ་ན། དེས་མ་འོངས་པར་མཚོ་འོག་ཏུ་ཁུ་སིམ་པོའི་སྒོ་ནས་རྒྱང་ཐག་རིང་པོའི་བར་ཉུལ་སྲུང་བྱེད་ཐུབ་པ་དང་། དགྲ་བོའི་གཏོར་རྒོལ་འགོག་པའི་ནུས་པ་ཡོད་པ་ཞིག་ཡིན་འདུག
ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Zhao Lijian)་གྱིས། ཨ་རི་དང་དབྱིན་ཡུལ། ཨོསི་ཊརེ་ལི་ཡ་རྒྱལ་ཁབ་བཅས་ཀྱི་བར་ད་ཆ་གསར་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཐོག་ནས་མཉམ་འབྲེལ་བྱས་པའི་ལས་དོན་དེའི་ཐོག་ནས་རྒྱལ་ཁབ་གསུམ་པོ་དེས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་སྐྱོན་གཏོང་གི་ཡོད་པ་ལ་བརྟེན་ནས། རྒྱ་ནག་གཞུང་གིས་གནས་སྟངས་དེའི་ཐོག་ཞིབ་ཕྲའི་ཐོག་ནས་རྟོག་ཞིབ་བྱེད་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།