ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་བཏོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག

2023.02.09
ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་བཏོན་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་རྣམ་པ།
སྒྲིག་བཟོ།/RFA

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་བཏོན་གནང་ཡོད་པ་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་བཞིས་ཕྱི་ཟླ་༢བའི་ཚེས་༨ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་པ་དང་། ཁྲིམས་འཆར་ནང་། བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས་རྒྱུ་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་དང་། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ནང་དུའང་གསལ་ཡོད་པ་ཞིག་རེད། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་དེ་སེལ་ཐུབ་མེད་པ་དང་དཀའ་རྙོག་དེ་བཞིན་སེལ་བའི་ཐབས་ལམ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཏོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་དེ་རེད་ཅེས་འཁོད་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་སླར་ཡང་བཏོན་གནང་མཛད་མཁན་རྣམས་ཀྱི་མཚན་ལུང་འདྲེན་གནང་བ་དང་ཆབས་ཅིག ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ལྷག་པར་དུ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་འདི་ལྟ་བུའི་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཁྲིམས་འཆར་བསྐྱར་དུ་བཏོན་གནང་མཛད་པ་དེས་ཨ་རིའི་གཞུང་མང་གཉིས་ནས་ཞི་བདེ་དང་། མང་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱས་ཏེ། ཨ་རིའི་རིན་ཐང་དེ་དག་སྲུང་སྐྱོབ་བྱེད་པ་ཞིག་རེད་ལ་བོད་མི་ཚོས་ཨ་རིའི་གཞུང་གི་དྲང་བདེན་གྱི་དབུ་ཁྲིད་ལ་ཡིད་ཆེས་བརྟན་དུ་ཕྱིན་ཡོད། ཁྲིམས་འཆར་འདིས་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་ཆེ་རུ་བསྐྲུན་ཡོད་ཅེས་གསུངས་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནས་བཟུང་། ཨ་རིའི་གཞུང་དམངས་གཉིས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོར་ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་རེད་ལ། ལོ་འདིའི་འགོ་སྟོད་ཀྱི་གྲོས་ཚོགས་ཚོགས་དུས་ནང་སླར་ཡང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་གནང་པ་ནི། ཨ་རིའི་དབུ་ཁྲིད་རྣམས་པའི་ངོས་ནས་བོད་མིའི་བདེན་དོན་སེལ་ཐབས་གནང་རྒྱུའི་སྲིད་བྱུས་ལ་འགྱུར་བ་མེད་པའི་ལངས་ཕྱོགས་མཚོན་པ་རེད་ཅེས་གསུངས་ཏེ་ཁྲིམས་འཆར་བསྐྱར་དུ་བཏོན་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་འདུག
ཉིན་འདི་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཆེད་ཕེབས་ཀྱིས། ཨ་རིའི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་གནད་ཡོད་མང་དག་ཞིག་དང་མཇལ་མོལ་གནང་ནས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ལ་འཐུས་མི་རྣམ་པའི་རྒྱབ་སྐྱོར་འཚོལ་ཐབས་དང་། བོད་དོན་ཞུ་སྐུལ་གནང་བཞིན་པའི་སྐབས་འདིར་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་དེ་ངོ་སྤྲོད་བྱུང་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎